མདུན་ཤོག » Flash Mobile » གསར་གནས། »

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༼ ཨ་རི་བ་ཚོ་དང་པོ་ཡིན། ༽ཟེར་བའི་འབོད་སྒྲ་དེ་ནི་གོ་ལ་གཅིག་གྱུར་གྱི་དངོས་ཡོད་གནས་ཚུལ་དང་མ་འཚམས་པ་ཞིག་ཡིན་སྐོར་གསུངས།

Share with your friends










Submit

༢༠༡༧ ཟླ་ ༡༡ ཚེས་ ༡༤ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༣ རེས་གཟའ་ཟླ་བ་ཉིན་ཨ་རིའི་གསར་འགྱུར་ཚན་པ་གྲགས་ཅན་ལོ་སི་ཨེན་ཇི་ལེ་སི་དུས་བབ་  Los Angeles Times ཞེས་པའི་རྩོམ་སྒྲིག་པའི་གླེང་སྟེགས་  Op-Ed ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དུམ་བུ་ཞིག་འགོད་འདུག་པའི་ནང་གསལ།

ཨ་རིའི་སྲིད་འཛིན་མཆོག་གིས་ ༼ ཨ་རི་བ་ཚོ་དང་པོ་ཡིན།  ༽ (American First) ཞེས་པའི་འབོད་སྒྲ་དེ་ཁོང་ལ་འོས་ཤོག་འཕེན་མཁན་ཚོའི་བློར་བབ་པོ་ཡོད་པ་ངོས་ཀྱིས་བསམ་ཤེས་ཐུབ་ཀྱི་འདུག  འོན་ཀྱང་གོ་ལ་སྤྱི་ཡོངས་ཀྱི་དངོས་ཡོད་གནས་སྟངས་ཐོག་ནས་ལྟ་སྐབས་ང་ཚོ་ཚང་མ་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་འཚོ་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། དེར་བརྟེན་འབོད་སྒྲ་དེ་འོས་ཤིང་འཚམས་པ་ཞིག་མ་མཐོང་།

ཨ་རི་ནི་རང་དབང་ཡོད་པའི་རྒྱལ་ཁབ་ཁྲོད་སྣེ་ཁྲིད་མཁན་ཞིག་རེད།  རྒྱུ་མཚན་དེ་ལ་བརྟེན་ནས་ཡུལ་དེའི་སྲིད་འཛིན་མཆོག་ལ་གོ་ལ་སྤྱིའི་གནད་དོན་ཐོག་དགོངས་པ་མང་ཙམ་བཞེས་རོགས་གནང་ཞེས་འབོད་སྐུལ་ཞུ་བཞིན་ཡོད།

གོ་ལའི་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་གྱི་གནས་སྟངས་ལ་མཚོན་ན་རྒྱལ་མཚམས་ཀྱི་དབྱེ་བ་གང་ཡང་མེད་པ་མ་ཟད། ཆོས་ལུགས་ཀྱི་དབྱེ་མཚམས་ཀྱང་མེད།   དེར་བརྟེན་ད་ཆ་ང་ཚོ་ཚང་མ་གོ་ལ་ཧྲིལ་པོ་འདིའི་སྟེང་འགྲོ་བ་མི་རིགས་གཅིག་གྱུར་ཡིན་བསམ་པའི་འདུ་ཤེས་འཛིན་དགོས་པའི་དུས་ལ་བབ་ཡོད།  ང་ཚོས་འདོད་རུང་མ་འདོད་རུང་ཚང་མ་མཉམ་སྡོད་བྱས་ནས་འཚོ་དགོས་པ་རེད།

རྒྱལ་ཞེན་གྱི་བསམ་བློ་ཁོ་ནར་གཙིགས་ཆེར་འཛིན་ནས་ཕྱིན་པ་ཡིན་ན་མཐར་འཁྲུག་རྩོད་དང་དམག་ཤོར་རྒྱུ་ཡིན་པ་ལོ་རྒྱུས་ཐོག་ནས་ར་སྤྲོད་ཐུབ།  དེ་འདྲའི་བསམ་བློ་དེ་མིག་རྒྱང་ཐུང་ཐུང་དང་གུ་དོག་པོ་ཙམ་མ་ཟད།  ད་ལྟའི་དངོས་ཡོད་གནས་སྟངས་དང་ཡོངས་སུ་མ་འཚམས་ཤིང་རྗེས་ལུས་ཀྱི་བསམ་བློ་ཞིག་ཀྱང་རེད།

དེར་བརྟེན་ད་ཆ་དྲང་བདེན་དང་འཚེ་མེད་ཞི་བ་བྱམས་བརྩེའི་སྤྱི་ཚོགས་ཤིག་སྐྲུན་དགོས་ན་ཕན་ཚུན་གཅིག་གིས་གཅིག་ལ་སྤུན་མཆེད་ཕོ་མོའི་འདུ་ཤེས་འཛིན་ནས་སྡོད་རྒྱུ་ཁོ་ན་ལས་ཐབས་གཞན་མེད།  ཆོས་ཀྱིས་སྤྱི་ཚོགས་འཆམ་མཐུན་ཡོང་འགྱུར་ཕྲན་བུ་ཕན་ཐོགས་ཡོད་ཀྱང་ཆོས་རྐྱང་པས་འདང་ངེས་ཤིག་མེད་སྟབས།  སྲོལ་རྒྱུན་གྱི་ཆོས་ལུགས་ལ་མ་བརྟེན་པའི་གོ་ལ་སྤྱིའི་བཟང་སྤྱོད་དེ་གལ་ཆེ་བ་ཆགས་ཡོད།  ཆོས་ཁས་ལེན་མཁན་དང་མི་ལེན་མཁན་ཙམ་མ་ཟད།  ལྷ་མེད་སྨྲ་བ་ཚོས་ཀྱང་ཁས་ལེན་ཐུབ་པའི་གོ་ལ་སྤྱི་ལ་ཁྱབ་པའི་བཟང་སྤྱོད་ནི་དུས་ཀྱི་དགོས་མཁོ་ཆགས་ཡོད།

སེམས་རྒྱུད་དུལ་ཐབས་དང་བྱམས་བརྩེ་གོང་སྤེལ། དེ་བཞིན་དྲང་བདེན་དང་བཟོད་པའི་ཉམས་ལེན།  མཁོན་འཛིན་སྤངས་བ། དྲན་ཤེས་བག་ཡོད་ཇི་ལྟར་དགོས་པའི་སློབ་གསོ་དེ་དག་དགོས་མཁོ་ཧ་ཅང་ཡོད་སྟབས།  ཉིན་གཅིག་དེེང་དུས་ཤེས་ཡོན་གྱི་སློབ་ཚན་ནང་འཇོག་ཐུབ་རྒྱུ་ཡིན་པ་ངོས་ཀྱིས་རེ་བ་བྱེད་བཞིན་ཡོད།  སློབ་ཚན་དེ་དག་སྔོན་འགྲོ་ནས་འབྲིང་རིམ་སློབ་གྲྭ།  དེ་ནས་རིམ་བཞིན་མཐོ་སློབ་ཀྱི་སློབ་ཚན་ནང་དུའང་གཞག་ཐུབ་པ་དགོས།

ད་ལྟའི་ང་ཚོའི་ཤེས་ཡོན་ལམ་ལུགས་ནི་གཙོ་བོ་ཕྱི་དངོས་པོའི་རིན་ཐང་ལ་དམིགས་ནས་སྦྱོང་བརྡར་སྤྲོད་བཞིན་ཡོད།  དངོས་པོའི་གནས་ལུགས་རྟོགས་པ་ཙམ་གྱིས་ནང་གི་གཤིས་རྒྱུད་འདུལ་ཐབས་མེད། དེར་བརྟེན་ཕྱི་དངོས་པོའི་གནས་ལུགས་ལས་ནང་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་དེ་དག་གལ་ཆེ་བར་རྩི་དགོས་པ་ནི་ངོ་ཐོག་ལག་ལེན་ཐོག་ནས་ར་སྤྲོད་ཐུབ་བཞིན་ཡོད།

བཟོད་སྒོམ་མ་ཐུབ་པ་དེས་འཁོན་འཛིན་དང་ཆགས་སྡང་གི་རྒྱུ་བྱས་ནས་སྤྱི་ཚོགས་དབྱེན་སྦྱོར་ཡོང་གཞིར་སོང་།   འབྱུང་འགྱུར་མི་རབས་གསར་པ་ཚོའི་བསམ་བློའི་ནང་རྩོད་རྙོག་དང་བསམ་ཚུལ་མི་མཐུན་པ་རྣམས་འཚེ་མེད་ཞི་བ་གྲོས་མོལ་གྱི་ཐབས་ལམ་ཉག་གཅིག་ལ་བརྟེན་ནས་སེལ་དགོས་པའི་ཆོད་སེམས་བརྟན་པོ་ཞིག་ཡོང་བ་ང་ཚོས་བཟོ་ཐུབ་པ་དགོས།

འཛམ་གླིང་སྔར་ལྷག་ཞི་བདེ་བརྟན་ལྷིང་ལྡན་པ་ཞིག་བཟོ་རྒྱུར་མི་རབས་གཞོན་པ་ཚོར་འགན་འཁྲི་ཡོད།    དེ་ལྟར་ཡོང་བར་ང་ཚོས་གཞོན་སྐྱེས་མི་རབས་གསར་པ་ཚོའི་ཀླད་པའི་ཤེས་ཚད་ཙམ་མ་ཟད།  སེམས་རྒྱུད་དུལ་ཐབས་ཀྱི་སློབ་གསོ་སྤྲོད་དགོས།  དེར་བརྟེན་མ་འོངས་ཤེས་ཡོན་ལམ་ལུགས་ནང་གཙོ་བོ་བྱམས་བརྩེ་དང་འགྲོ་བ་མི་རིགས་མི་གཅིག་གྱུར་གྱི་འདུ་ཤེས་སོགས་བཟང་པོའི་རིན་ཐང་དེ་དག་གཙིགས་ཆེར་འཛིན་ཐུབ་པ་དགོས།

སེམས་རྒྱུད་དུལ་བར་ངེས་པར་དུ་ཆོས་ལ་བརྟེན་དགོས་པ་གང་ཡང་མེད། ཆོས་ལ་ཁུངས་གཏུགས་མི་དགོས་པར་བྱམས་བརྩེ་དང་མཛའ་བརྩེའི་འབྲེལ་ལམ།  གཞན་གཅེས་འཛིན་གྱི་བསམ་བློ་སོགས་གཙོ་བོ་མིའི་རང་བཞིན་ལྷན་སྐྱེས་ཀྱི་བཟང་པོའི་རིན་ཐང་ཡིན་པ་གསལ་པོར་ར་སྤྲོད་ཡོང་བཞིན་འདུག

ཆོས་ཁས་ལེན་མིན་ལ་ལྟོས་པར་ང་ཚོ་ཚང་མར་གཞི་རྩའི་འགྲོ་བ་མིའི་བཟང་པོའི་རིན་ཐང་གཏིང་ཚུགས་པ་ཞིག་ལྷན་སྐྱེས་སུ་ཡོད།  འགྲོ་བ་མི་རིགས་ཡོངས་ལ་ཐུན་མོང་གི་བག་ཆགས་བཟང་པོ་དེ་དག་མངོན་པར་གསལ་ཆེད་ང་ཚོས་འབད་བརྩོན་བྱེད་དགོས།

མིའི་ལྷན་སྐྱེས་སུ་ཡོད་པའི་བཟང་སྤྱོད་དེ་དག་ཆོས་ལུགས་ནས་གསུང་པའི་བཟང་སྤྱོད་ལྟར་སློབ་གསོ་སྤྲོད་མི་དགོས་པར་སྐྱེས་ཙམ་ཉིད་ནས་རང་ཆས་སུ་ཡོད།  བདག་གཞན་མཉམ་བརྗེའི་བསམ་བློ་དེ་མཐུན་མཉམ་གནས་ཀྱི་གཞི་རྩ་ཡིན།  ཡར་རྒྱས་ཀྱི་གཞི་མ་མཐུན་སྒྲིལ་ཡིན་པ་ལས་འགྲན་རྩོད་མིན་པ་ཚན་རིག་གི་ལམ་ནས་ར་སྤྲོད་ཐུབ་པ་དེར་ངོས་ཀྱིས་ཡིད་ཆེས་བྱེད་བཞིན་ཡོད།

འགྲོ་བ་མི་རིགས་ཡོངས་རྫོགས་ཁྱིམ་ཚང་ཆེན་པོ་གཅིག་ཡིན་པ་འདི་ང་ཚོས་ཤེས་དགོས།  ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་ང་ཚོ་ཚང་མ་སྤུན་མཆེད་ཕོ་མོ་ཡིན།   འོན་ཀྱང་གཞི་རིམ་གྱི་གནས་སྟངས་གཅིག་གྱུར་ཡིན་པ་དེར་བསམ་བློ་མ་བཏང་བར་རིམ་པ་གཉིས་པ་ང་ཚོའི་དབར་ཕན་ཚུན་མི་མཐུན་པ་ཕྲན་བུ་ཡོད་པ་དེ་དག་གཙིགས་ཆེར་འཛིན་བཞིན་ཡོད།  ང་ཚོ་ཚང་མ་ཐོག་མར་མའི་མངལ་ནས་བཙའ་སྟངས་དང་མཐར་འཆི་སྟངས་སོགས་གཅིག་མཚུངས་ཡིན། ཞེས་འཁོད།

བཀའ་སློབ་དུམ་བུ་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གོང་འཁོད་གསར་འགྱུར་ཚན་པའི་བརྙན་འཕྲིན་གསར་འགོད་པ་སྐུ་ཞབས་ཕརནཛི་ཨལཊ་ Franz Alt དང་ལྷན་།  ཕྱོགས་རིས་ཇེ་ཆེར་འགྲོ་བཞིན་པའི་དུས་སྐབས་འདིར་ཞི་བདེ་སྐྲུན་རྒྱུའི་འབོད་སྐུལ་མཛད་པའི་སྐོར་གྱི་  “An Appeal to the World: The Way to Peace in a Time of Division.” ཕྱག་དེབ་གསར་པ་དེ་ཕྱོགས་སྒྲིག་མཛད་སྐབས་སྩལ་བའི་བཀའ་སློབ་དུམ་བུ་ཞིག་ཡིན་འདུག །

འདི་ག་ཕྱི་དྲིལ་བོད་ཡིག་ཚན་པས་ཨིན་ཡིག་ནས་ཕབ་སྒྱུར་ཞུས་པས་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།

 

Share with your friends










Submit