མདུན་ཤོག » Uncategorized »

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཞོན་སྐྱེས་ཞི་བདེའི་དབུ་ཁྲིད་ལྷན་ཚོགས་ཐེངས་གཉིས་པའི་ཐོག་བཀའ་སློབ་སྩལ་བ།

Share with your friends










Submit

༢༠༡༧ ཟླ་ ༡༡ ཚེས་ ༦ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༦ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་ནང་དུ་ཨ་རིའི་ནང་རྟེན་གཞི་བྱས་པའི་ཞི་བདེ་གོང་སྤེལ་གྱི་གཞོན་སྐྱེས་འགོ་ཁྲིད་ལྷན་ཚོགས་ United States Institute of Peace   ཐེངས་གཉིས་པའི་ཐོག་བཀའ་སློབ་སྩལ་འདུག

ངོས་རང་ད་ཆ་ལོ་ན་ ༨༢ ཡིན།  ན་ནིང་ནས་བཟུང་ལུས་པོ་ཡང་ཡང་ཐང་ཆད་པ་ལྟ་བུ་འདུག  དེར་བརྟེན་གླིང་ཆེན་འདྲ་མིན་ནང་ངོས་རང་དངོས་སུ་བཅར་ནས་ལས་རིམ་སོགས་ནང་མཉམ་ཞུགས་བྱ་རྒྱུ་ཁག་པོ་འདུག

ངོས་ཀྱིས་ཕྱི་ལོ་ ༢༠༠༡ ནས་བོད་མིིའི་ཆབ་སྲིད་འགོ་ཁྲིད་ལས་འགན་ནས་བགྲེས་ཡོལ་ཞུས་རྗེས་སློབ་དཔོན་ཟབ་གདོང་རིན་པོ་ཆེས་འགན་འཁྱེར་བ་རེད། དེ་ནས་ལོ་བཅུ་ཙམ་རིང་ངོས་ཀྱི་གནས་སྟངས་དེ་ཕྱེད་རྒས་ཡོལ་བྱས་བསྡད་པ་ཡིན།  དེ་ནས་ཕྱི་ལོ་ ༢༠༡༡ ལོར་ངོས་ཀྱིས་བོད་མིའི་ཆབ་སྲིད་འགོ་ཁྲིད་ནས་རྒས་ཡོལ་ཆ་ཚང་ཞུས་པ་ཡིན།   ཞེས་བཀའ་སློབ་སྩལ་རྗེས་ཞི་བདེ་གོང་སྤེལ་གྱི་གཞོན་སྐྱེས་འགོ་ཁྲིད་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་ནེན་སི་ལིན་བྷོག་ Nancy Lindborg ལགས་ཀྱིས་ཚོགས་བཅར་བ་རྣམས་རྒྱལ་ཁབ་གང་ནས་ཡིན་པ་༸གོང་ས་མཆོག་ལ་སྙན་སྒྲོན་ཞུས་པ་དང་སྦྲགས། མགོན་པོ་གང་ཉིད་ལ་བཀའ་སློབ་སྩལ་རྒྱུའི་གསོལ་འདེབས་ཞུ་དོན་ལྟར་མུ་མཐུད་བཀའ་སློབ་སྩལ་དོན།

ངོས་རང་ཉིན་ལྟར་ཆུ་ཚོད་བརྒྱད་དགུ་ཙམ་གཉིད་ཉལ་གྱི་ཡོད།  འོན་ཀྱང་འཛམ་གླིང་འདིའི་ནང་ཟ་རྒྱུ་མེད་ནས་བྱིས་པ་ཧ་ཅང་མང་པོ་ཞིག་ལྟོགས་ཤི་ཐེབས་བཞིན་ཡོད། གནས་སྟངས་ཐབས་སྐྱོ་པོ་དེ་འདྲའི་སྐབས་ང་ཚོས་སྙིང་སྟོབས་ཞུམ་ནས་བསྡད་པ་ཡིན་ན་འགྲོ་བ་མིའི་ཚུལ་མཐུན་གྱི་བྱེད་སྟངས་ཤིག་མ་རེད།

དཀའ་ངལ་དེ་དག་མིས་བཟོས་པའི་དཀའ་ངལ་ཡིན་སྟབས་དཀའ་ངལ་སེལ་རྒྱུའི་ཐབས་ལམ་དེའང་མིས་བྱེད་དགོས།  གལ་ཏེ་ང་ཚོས་འཆར་སྣང་དང་ལྡན་པའི་ཐོག་ནས་ལས་འགུལ་སྤེལ་བ་ཡིན་ན་དཀའ་ངལ་དེ་དག་ཏན་ཏན་སེལ་ཐུབ་རྒྱུ་རེད།

འདས་པའི་ལོ་ངོ་ ༣༠ ལྷག་རིང་ངོས་ཀྱིས་ཚན་རིག་པ་དང་ལྷན་བགྲོ་གླེང་སོགས་བྱས་ཡོད། ངོས་ནས་ཀྱང་ནམ་རྒྱུན་ངོས་རང་ཕྱེད་ཀ་ནང་པའི་དགེ་སློང་ཞིག་དང་ཕྱེད་ཀ་ཚན་རིག་པ་ཡིན། ཞེས་བརྗོད་བཞིན་ཡོད། ངོས་ཀྱི་ཚན་རིག་པ་གཞན་ལྟར་བརྟག་དཔྱད་ཁང་ནང་ཚོད་ལྟའི་ལས་ཀ་བྱེད་ཀྱི་མེད། འོན་ཀྱང་ཕན་ཚུན་གོ་བསྡུར་བྱས་ནས་འགྲོ་གྱི་ཡོད།  ད་ཆ་ཚན་རིག་པ་ཚོས་གཞི་རྩའི་མིའི་ལྷན་སྐྱེས་རང་བཞིན་བྱམས་བརྩེ་ལྡན་པ་ཡིན་པའི་ར་སྤྲོད་ཐུབ་ཡོད།  རྙོག་གྲ་བཟོ་མཁན་དང་མཐའ་ན་མི་གསོད་མཁན་ཚོའང་ཐོག་མར་མའི་མངལ་ནས་བསྐྱེས་པ་ཤ་སྟག་རེད།   ཁོང་ཚོའང་མའི་བྱམས་བརྩེའི་འོག་ནས་ཚར་ལོང་བྱུང་ཡོད།  མའི་བྱམས་བརྩེ་མེད་ན་འཚོ་ཐུབ་རྒྱུ་མ་རེད།  མས་རང་གི་ཕྲུ་གུ་དེ་མ་འོངས་པར་མི་ཇི་འདྲ་ཞིག་ཆགས་མིན་སྔོན་ཚུད་ནས་ཤེས་རྟོགས་ཐུབ་དགོས་འདུག  གང་ཡིན་བརྗོད་ན་ཆུང་བྱིས་པའི་སྐབས་ནས་མས་རང་གི་ཕྲུ་གུ་དེ་མ་འོངས་པར་མི་རྙོག་གྲ་བཟོ་མཁན་ཞིག་ཆགས་རྒྱུ་ཡིན་པ་སྔོན་ཚུད་ནས་ཤེས་པ་ཡིན་ན། ཆུང་དུས་ནས་ཕྲུ་གུ་དེ་བྱམས་སྐྱོང་མ་བྱས་པར་སྣང་མེད་དུ་གཡུག་ཆོག་རྒྱུ་རེད། ཅེས་ཞལ་ཞོབ་མཛད་ནས་མུ་མཐུད་བཀའ་སློབ་སྩལ་དོན།

 

དཀའ་ངལ་མང་པོ་ཞིག་ཕྱི་ནས་མ་ཡིན་པར་རེ་དོགས་དང་ཞེད་སྣང་དབང་གིས་སེམས་མ་བདེ་བ་ཆགས་ཏེ་ངར་འཛིན་གྱི་དབྱེ་བ་ལས་བྱུང་གི་ཡོད། བསམ་བློ་ལེགས་པ་དང་ཉེས་པ་གང་ཡིན་དབྱེ་འབྱེད་ཀྱི་ཚོར་བ་ང་ཚོ་ཚང་མར་ཡོད་པས་ལེགས་པའི་ཆ་དང་ཉེས་པའི་ཆ་གང་ཡིན་ངོས་འཛིན་གྱིས་ལེགས་ཆ་ཤེས་པའི་ཐོག་ནས་དཀའ་ངལ་སེལ་དགོས།  དཀའ་ངལ་གང་ཡིན་ཡང་དེའི་ངོས་གཅིག་ཁོ་ན་ནས་བལྟས་པ་ཡིན་ན་དཀའ་ངལ་ཆུང་ཆུང་ཞིག་ཡིན་ཀྱང་ཆེན་པོ་ཆགས་པ་དང་། ཕྱོགས་ཡོང་ནས་བལྟས་པ་ཡིན་ན་དངོས་ཡོད་གནས་ཚུལ་དང་འཚམས་པའི་དཀའ་ངལ་སེལ་ཐབས་ཤིག་ཡོང་ཐུབ།

ཆབ་སྲིད་ཀྱི་ཐོག་ནས་ས་མཚམས་ཕྱེས་ཡོད་པ་དེ་མ་འོངས་པར་འཛམ་གླིང་ཆ་ཚང་རྒྱལ་ཁབ་གཅིག་ལྟ་བུ་བྱེད་ཐུབ་རྒྱུར་ངོས་ནས་རེ་བ་བྱེད་ཀྱི་ཡོད།  ང་ཚོའི་རེ་བ་ཆ་ཚང་གཞོན་སྐྱེས་ཚོར་བཅོལ་ཡོད། ཁྱོད་རང་ཚོའི་སེམས་ཤུགས་མ་ཆགས་པར་བློ་ཁོག་ཡངས་པོ་དང་ངང་རྒྱུད་རིང་པོའི་ཐོག་ཐབས་ཤེས་བྱེད་དགོས། ཞེས་སོགས་དང་། གཞན་ཡང་དེང་དུས་ཤེས་ཡོན་གྱིས་དེང་གི་དགོས་མཁོ་བསྐང་ཐུབ་ཀྱི་མེད་པ་དང་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གོང་སྤེལ་གཏོང་དགོས་པའི་སྐོར་བཀའ་སློབ་སྩལ་བ་དང་།

དེ་ནས་ཚོགས་ཞུགས་པ་རྣམས་ཀྱིས་དྲི་བ་ཕུལ་བར་བཀའ་ལན་སྩལ་ཏེ་ཆུ་ཚོད་ ༡༢ ཙམ་ལ་ཉིན་དང་པོའི་བགྲོ་གླེང་ཚོགས་འདུ་མཇུག་ལེགས་པར་གྲུབ་ཡོད་པ་དང་། ཐེངས་འདིའི་བགྲོ་གླེང་ལྷན་ཚོགས་འདི་ནི་ཟླ་ ༡༡ ཚེས་ ༦ དང་ ༧ ཉིན་གཉིས་རིང་འཚོགས་ཀྱི་ཡོད་པ་དང་། ལྷན་ཚོགས་སྐབས་ཨབ་གྷ་ནི་སི་ཐན་Afghanistan དང་འབར་མ།  Burma ཀོ་ལམ་བྷི་ཡ། Colombia  ཨི་རཱག Iraq ནེ་ཇི་རི་ཡ།  Nigeria  ཤྲི་ལངྐ།  Sri Lanka  ལྷོ་སུ་དཱན།  South Sudan  སི་རི་ཡ།  Syria ཏུ་ནི་ཤི་ཡ།  Tunisia དཀྱིལ་ཤར་ཡུལ་གྲུ།    United Arab Emirates   ཨ་རི། USA   སུ་དཱན་ Sudan བཅས་རྒྱལ་ཁབ་ ༡༢ ནས་ཚོགས་བཅར་བ་མི་གྲངས་ ༢༥ ལྷན་བཅར་ཞུས་འདུག    ཉིན་དང་པོར་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྣམ་གཉིས་ཀྱང་ཕེབས་ཡོད་འདུག

 

Share with your friends










Submit