ཟླ་བ་ ༡༠ ཚེས ༡ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༠ ཚེས་ ༡ རེས་གཟའ་ཉི་མ།

༄༅། །ཉེ་ལམ་མེག་སི་ཀོའི་ Mexico ཡུལ་དུ་ས་ཡོམ་གྱི་གོད་ཆག་ཚབས་ཆེ་ཕོག་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུལ་དེའི་གཞུང་མང་གཉིས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་སྐོར་ལྷོ་བྱང་ཨ་མི་རི་ཀའི་ནང་སི་པེན་སྐད་ཡིག་ཐོག་སྤེལ་བཞིན་པའི་བདུན་རེའི་གསར་ཤོག་ཧ་ཅང་གྲགས་ཆེ་བ་ En Espanol ཞེས་པའི་ཕྱི་ཟླ་ ༩ ཚེས་ ༢༩ ཉིན་གྱི་འདོན་ཐེངས་དེའི་མདུན་ཤོག་ཏུ་བཀོད་པ་མ་ཟད།

མེག་སི་ཀོའི་ནང་ཉིན་རེའི་གསར་ཤོག་གྲགས་ཆེ་ཤོས་ཡིན་པ་རི་ཕོར་མ་ Reforma ཞེས་པའི་རེས་གཟའ་ཟླ་བའི་འདོན་ཐེངས་ནང་དུའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མེག་སི་ཀོའི་ས་ཡོམ་གྱི་གོད་ཆག་ཕོག་པ་རྣམས་ལ་གདུང་སེམས་མཉམ་སྐྱེའི་ཐུགས་གསོའི་གསུང་འཕྲིན་སྩལ་བའི་འགོ་བརྗོད་འོག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཀྱང་ས་ཡོམ་གྱི་གོད་ཆག་ཕོག་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུས་སྐོར་འཁོད་པ་དང་སྦྲགས། མེག་སི་ཀོའི་ནང་རྟེན་གཞི་བྱས་པའི་བོད་ཁང་གི་འགན་འཛིན་སྐུ་ཞབས་ཊོ་ནི་ཀ་རམ་ Tony Karam ལགས་ཀྱིས་ཐུགས་གསོའི་གསུང་འཕྲིན་དེ་དག་ཡུལ་དེའི་སྲིད་འཛིན་དང་ཕྱི་སྲིད་བློན་ཆེན་མཆོག་ལ་ཕུལ་བའི་སྐོར་ཞིབ་ཕྲ་འཁོད་འདུག

དེ་ཡང་བོད་ཁང་གི་འགན་འཛིན་སྐུ་ཞབས་ཊོ་ནི་ཀ་རམ་ Tony Karam ལགས་ཀྱིས་འདི་གའི་དྲ་གནས་ tibet.net ཐོག་གསུང་དོན། སྤྱིར་འཛམ་གླིང་དབུ་ཁྲིད་མང་པོས་གདུང་སེམས་སེམས་མཉམ་སྐྱེ་ཞུས་ཡོད་ཀྱང་། གསར་ཤོག་ནང་དྲིལ་བསྒྲགས་དེ་ཙམ་ཡོང་གི་མེད། འོན་ཀྱང་བོད་མིའི་དབུ་ཁྲིད་རྣམ་པའི་གསུང་འཕྲིན་རྣམས་གསར་ཤོག་སོགས་ནང་དྲིལ་བསྒྲགས་ཧ་ཅང་རྒྱ་ཆེན་པོ་བྱུང་ཐུབ་པ་དེ་ནི་གཙོ་བོ་ང་ཚོར་རྒྱབ་སྐྱོར་གནང་མཁན་དང་བོད་མིའི་གྲོགས་པོ་ཧ་ཅང་མང་པོ་ཡོད་པར་བརྟེན་ནས་བྱུང་ཐུབ་པ་ཞིག་རེད། ཅེས་གསུངས།

སྤྱིར་མེག་སི་ཀོའི་ཡུལ་དུ་ཕྱི་ཟླ་ ༩ ཚེས་ ༡༩ ཉིན་ས་ཡོམ་གྱི་གོད་ཆག་ཚབས་ཆེ་ཕོག་པར་བརྟེན་མི་གྲངས་ཧ་ཅང་མང་པོའི་ཚེ་སྲོག་ཤོར་བ་དང་།  སྡོད་ཁང་སོགས་རྒྱུ་དངོས་ལའང་གནོད་འཚེ་ཚབས་ཆེ་ཕོག་པར་བརྟེན།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་རྣམ་གཉིས་ཀྱིས་ཡུལ་དེའི་སྲིད་འཛིན་སྐུ་ཞབས་ཨེན་རིག་པེ་ན་ནེ་ཏོ་ Enrique Pena Nieto མཆོག་བརྒྱུད་གཞུང་མང་གཉིས་ལ་ཐུགས་གསོའི་གསུང་འཕྲིན་སྩལ་ཡོད་པ་བཅས།།

Share with your friends










Submit