མདུན་ཤོག » Flash Mobile » གསར་གནས། » པར་རིས་གནས་ཚུལ། »

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་དད་ལྡན་ཆོས་ཞུ་བར་དབུ་མ་འཇུག་པའི་བཀའ་ཆོས་དབུ་འཛུགས་མཛད་པ།

Share with your friends










Submit

༢༠༡༧ ཟླ་ ༡༠ ཚེས་ ༣ རེས་གཟའ་མིག་དམར།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེ་ཝན་དད་ལྡན་པ་ཁག་གཅིག་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༣ ནས་ ༦ བར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་གཙོ་བོར་གྱུར་པའི་ཕྱི་ནང་དད་ལྡན་མང་ཚོགས་རྣམས་ལ་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་བཀའ་ཆོས་དབུ་འཛུགས་མཛད་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ཐོག་ཐེ་ཝན་དད་ལྡན་གྱི་འཐུས་མི་རྣམ་པས་སྤོས་སྣེས་སྔོན་བསུས་ཏེ། མགོན་པོ་གང་ཉིད་མཆོག་ཕོ་བྲང་ནས་གདན་ཞུས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་པ་ལིའི་ཆོས་བརྒྱུད་ཀྱི་དགེ་འདུན་པ་ཁག་གཅིག་གིས་པ་ལའི་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་དང་། དེ་རྗེས་རྒྱའི་དགེ་འདུན་པ་དང་བཙུན་མ་སོགས་སྐྱ་སེར་ཁག་གཅིག་གིས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་།

དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེར་འདུས་ཐེ་ཝན་ཆོས་ཞུ་བ་གྲངས་ ༡༡༠༠ དང་། རྒྱ་གར་གྱིས་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ ༦༩ ནས་བཅར་བའི་ཆོས་ཞུ་བ་དང་རང་རིགས་བཅས་ཁྱོན་མི་གྲངས་ ༦༠༠༠ བརྒལ་བར་ཐོག་མར་ནང་ཆོས་ངོ་སྤྲོད་སྐབས་བཀའ་སློབ་སྩལ་དོན།

དེ་རིང་ཆེད་དུ་བྱ་བའི་གདུལ་བྱ་གཙོ་བོ་ནི། ཁྱེད་རང་ཚོ་ཐེ་ཝན་ནས་ཡོང་བའི་བསྟན་འཛིན་བྱམས་ཆེན་གྱི་ཆོས་ཚོགས་གཙོ་བོར་གྱུར་བའི་ཐེ་ཝན་ནས་ཆོས་གྲོགས་མང་པོ་ཞིག་སླེབ་ཡོད། དེ་མིན་འདི་གར་སྙུགས་མར་གནས་པའི་བོད་རིགས་དགེ་འདུན་རབ་བྱུང་ཕོ་མོ་དང་སྐྱ་བོ།   དེ་བཞིན་ཝི་ཏི་ནམ་དང་། ཀོ་རི་ཡ། ཉི་ཧོང་དེ་དག་ཕ་མེས་ནས་ནང་པའི་ཆོས་བརྒྱུད་འཛིན་མཁན་ཆགས་ཡོད། གཞན་ཡང་དེ་སྔ་ནང་པའི་ཆོས་དང་འབྲེལ་བ་མེད་པའི་ནུབ་ཕྱོགས་ལུང་པ་ཁག་ནས་ཀྱང་མི་གང་ཙམ་ནམ་རྒྱུན་ཡོང་གི་ཡོད། དེ་རིང་ཡང་སླེབ་འདུག སྔོན་ལ་ཁྱེད་རང་ཚོ་ཚང་མར་འཚམས་འདྲི་ཡོད།

ངོས་ཀྱིས་ནམ་རྒྱུན་ནང་ཆོས་མ་བཤད་གོང་ལ་ནང་ཆོས་ངོ་སྤྲོད་བྱེད་ཀྱི་ཡོད། ང་རང་ཚོ་མང་པོ་ཞིག་གིས་ནང་པ་ཡིན་ཟེར་གྱི་ཡོད་ནའང་། ནང་པའི་ཆོས་ཀྱི་འགྲོ་སྟངས་གང་འདྲ་ཡིན་མིན་དོ་སྣང་གང་ཡང་མེད་པར་ཆོས་བྱེད་སྟངས་དེ་རྨོངས་དད་ལྟ་བུར་ཆགས་གྲབས་བྱེད་ཀྱི་འདུག  ལམ་དང་ལུགས་སྲོལ་ལྟ་བུའི་སྟེང་ཕྱིན་པ་མ་གཏོགས་ཆོས་ལ་བརྟག་དཔྱད་བྱས་ནས་རྒྱུ་མཚན་མཐོང་། ཤེས་ནས་དད་པ་ཐོབ་པ་ཟེར་རྒྱུ་དེ་དགོས་རྒྱུ་གལ་ཆེན་པོ་རེད་འདུག་པར་བརྟེན།  ངོས་ཀྱིས་ནང་ཆོས་དངོས་གཞི་འཆད་པའི་སྐབས་སུའང་ནང་ཆོས་ཀྱི་གནད་འགག་དེ་དག་ཐོན་ཡོང་བ་མ་ཟད། སྔོན་ལ་ནང་ཆོས་ངོ་སྤྲོད་བྱེད་དུས་ངོས་ཀྱིས་འདི་ལྟར་བཤད་ཀྱི་ཡོད།

དང་པོ་ནི།  ནང་ཆོས་ཐེ་བའི་ཆོས་ཟེར་རྒྱུ་འདི། འཛམ་གླིང་འདིའི་སྟེང་འབྲེལ་བ་གང་ཡོད་པ་དང་། དགོས་མཁོ་ཡོད་དང་མེད། ཅེས་དྲི་བ་དང་པོ་འདི་རེད་འདུག  འཛམ་གླིང་འདིའི་སྟེང་སྲོག་ཆགས་གྲོག་འབུ་ཚུན་ཆད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ང་ཚོས་རྒྱུ་མཚན་དགོད་མི་དགོས་པར་ཚང་མས་མཐོང་ཆོས་སུ་ཡོད།

འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་དེ་དག་ལ་མིའི་ཀླད་པ་ཡོད་སྟབས། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཡིན་པར་བརྟེན།  སྡུག་བསྔལ་ཉུང་དུ་དང་བདེ་བ་མང་དུ་གཏོང་རྒྱུ་ནི་ང་ཚོས་སྒྲུབ་འོས་པ་ཞིག་རེད། ངོས་ཀྱིས་རྟག་པར་བསམ་བློ་འཁོར་བཞིན་ཡོད་པ་མ་ཟད། མི་གཞན་ལའང་བཤད་ཀྱི་ཡོད། རིམ་པ་དང་པོ་ནི། ངོས་རང་འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་བདུན་ཅུ་ནང་ནས་མི་གཅིག་ཆགས་ཡོད། ང་ཚོ་ཚང་མ་དུང་ཕྱུར་བདུན་ཅུའི་ཆ་ཤས་ཤིག་ཆགས་ཡོད་པར་བརྟེན། མི་ཟེར་རྒྱུ་འདི་ Social Animal སྤྱི་ཚོགས་ལ་བརྟེན་མཁན་ཡིན་སྟབས། མི་ངོ་རེར་ཕ་མ་དང་གཉེན་འབྲེལ། གྲོགས་པོ་སོགས་མང་པོ་ཞིག་དང་འབྲེལ་བ་ཡོད།

འཛམ་བུ་གླིང་འདི་དངོས་པོ་ཡར་རྒྱས་རྐྱང་པའི་ཐོག་ནས་འགྲོ་བ་ཞིག་དང་། གཙོ་ཆེ་ཤོས་ཤེས་ཡོན་གྱི་འགྲོ་སྟངས་འདི་དངོས་པོ་ཡར་རྒྱས་ཁོ་ནར་དམིགས་པ་ཞིག་ཆགས་འདུག དེའི་འབྲས་བུ་དེ་ད་ལྟ་ང་ཚོའི་སྤྱི་ཚོགས་དེ་ཉིད་དངོས་པོ་ཡར་རྒྱས་རྐྱང་པའི་ཐོག་ལ་བསམ་བློ་གཏང་རྒྱུ་དང་འབྲེལ་ཤེས་ཡོན་གྱི་གོམས་གཤིས་དེ་ཡང་ Materialistic Culture དང་ Materialistic life ཆགས་འདུག

གང་ལྟར་དངོས་པོ་ཡར་རྒྱས་རྐྱང་པ་ཕྱིན་པའི་སྤྱི་ཚོགས་ནང་ལ་བདེ་སྐྱིད་ཟེར་བ་འདི་ཕྱི་དངོས་པོ་ཡར་རྒྱས་ཡག་པོ་བྱུང་ཡོད་ན། དེ་གཅིག་པོས་བདེ་སྐྱིད་ཡོང་གི་ཡོད་པའི་བཟོ་འདྲ་ཞིག་ལ་ངོས་འཛིན་བཞིན་འདུག བདེ་སྐྱིད་ཟེར་དུས་ལུས་འཚོར་གྱི་བདེ་སྐྱིད་ཡོང་རྒྱུ། ལུས་འཚོར་གྱི་སྡུག་བསྔལ་མ་བྱུང་བ་བྱེད་རྒྱུ་འོས་པ་ཞིག་རེད།   གློ་བུར་དུ་ལུས་ཀྱི་བདེ་སྡུག་གི་ཚོར་བ་དེ་དུད་འགྲོ་ཡིན་ནའང་ལམ་སེང་ཤེས་ཀྱི་རེད། སེམས་ནང་གི་རྣམ་རྟོག་འདྲ་མིན་ཡོང་རྒྱུ་དེ་དུད་འགྲོར་དེ་ཙམ་ཡོང་རྒྱུ་མེད།  ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།

Share with your friends










Submit