ཟླ་བ་ ༡༠ ཚེས ༣༡ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༠ ཚེས་ ༣༡ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༡༠ ནང་རྡ་སའི་ཉེ་འགྲམ་དུ་ཡོད་པའི་པེ་ཝི་ལི་ཡོན་གསོལ་མགྲོན་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཚོགས་བཅར་བ་དང་། མཁས་དབང་། འཐབ་བྱུས་ཆེད་མཁས་པ་བཅས་ལ།  བོད་མིའི་འཐབ་རྩོད་ལ་མཐའ་མའི་རྒྱལ་ཁ་ཐོབ་རྒྱུ་མ་ཟད། ལོ་རྒྱུས་ཁྲོད་བྱས་རྗེས་བཟང་པོ་ཞིག་འཇོགས་ངེས་སྐོར་གསུངས།

སྲིད་སྐྱོང་མཆོག་གི་གསུང་བཤད་འདིས་ཁོང་གི་བསམ་བློའི་ནང་ཡིད་ཆེས་ཤུགས་ཆེ་ཞིག་ཡོད་པ་མཚོན་ཐུབ། ཡིད་ཆེས་དེ་ཡང་རེ་བ་ཞིག་ལ་ཁུངས་གཏུགས་པ་དང་། རེ་བ་དེ་ནི་དངོས་ཡོད་གནས་སྟངས་དང་མཐུན་ཞིང་། ལྷག་པར་བོད་མིའི་སྙིང་སྟོབས་དང་སེམས་ཤུགས་ལ་གཞི་བཅོལ་ནས་བྱུང་བ་ཞིག་རེད།

སྲིད་སྐྱོང་མཆོག་གིས་ལྔ་དང་ལྔ་བཅུའི་འཆར་སྣང་སྐོར་འགྲེལ་བརྗོད་གནང་སྐབས་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་ནས་བོད་མི་ཚོར། རེ་བ་བཟང་ས་ནས་རྒྱོབ། གྲ་སྒྲིག་སྡུག་ས་ནས་བྱོས། ཞེས་བཀའ་སློབ་སྩལ་བ་དེར་གཞི་བཅོལ་ནས་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་བོད་ནང་གི་བོད་མི་ཚོའི་མངོན་འདོད་བསྒྲུབ་རྒྱུ་དང་། བོད་མིའི་རང་དབང་སླར་གསོ། དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་གདན་འདྲེན་ཞུ་རྒྱུ་བཅས་རེད།

དེ་དང་དུས་མཚུངས་ལྷན་ཚོགས་དེ་ནི།  འབྱུང་འགྱུར་ལོ་ལྔ་བཅུའི་རིང་བོད་མིའི་འཐབ་རྩོད་མུ་མཐུད་གནས་དགོས་པའི་དུས་ཤིག་འཆར་ཡང་འཐབ་རྩོད་ཀྱི་ངར་ཤུགས་རྒྱུན་མཐུད་གནས་ཐབས་བྱེད་དགོས་པ་དང་། དཀའ་ངལ་རྣམས་ལ་གདོང་ལེན་ཇི་ལྟར་བྱེད་དགོས་པའི་གྲ་སྒྲིག་དང་། འཐབ་ཇུས་བཀོད་སྒྲིག་བྱེད་ཕྱོགས། དེ་བཞིན་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་ཀྱི་གནད་དོན་འགྲེལ་བརྗོད་རྒྱག་སྐབས་ཡུལ་དུས་གནས་སྐབས་དང་འཚམས་པ་ཞིག་ཇི་ལྟར་བྱེད་དགོས་མིན་ཐད་ད་ལྟ་ནས་སྟ་གོན་བྱས་པ་ཞིག་ཡིན།

དཔལ་ལྡན་སྲིད་སྐྱོང་མཆོག་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མི་རིགས་ཀྱི་ངོ་བོ་ཙམ་ཡང་ཤུལ་མེད་དུ་བཏང་ཐབས་བྱས་ཀྱང་ལམ་ལྷོངས་མ་བྱུང་བར་འཐབ་རྩོད་མུ་མཐུད་གནས་པ་འདི་ནི་གུང་ཁྲན་རིང་ལུགས་ལས་རྣམ་པར་རྒྱལ་བ་ཙམ་མ་ཟད། དེང་སྐབས་ཆད་མཐར་ལྷུང་བའི་རྒྱལ་ཞེན་རིང་ལུགས་ཀྱི་བསམ་ཚུལ་དང་།  ཆབ་སྲིད་ཀྱི་ལངས་ཕྱོགས་མི་མཐུན་པ། དེ་བཞིན་དཀའ་རྙོག་རྣམས་འཚེ་བའི་ལམ་ནས་སེལ་ཐབས་བྱེད་བཞིན་པ་བཅས་ལ་ཁ་གཏད་བཅགས་པ་ཞིག་མཚོན་པ་གསུངས།

ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་འདི་ཨིན་ཇིའི་ཆ་ཐམ་ཁང་Chatham གི་ཁྲིམས་ལུགས་འོག་ཤར་བསྐྱོད་བྱ་རྒྱུའི་ཁས་ལེན་བྱས་ཡོད་སྟབས།  ཁྲིམས་ལུགས་དེའི་འོག་ནས་ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་སྐབས།  རྒྱ་ནག་དང་ལྷན་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་ཐབས་དང་།   བོད་དོན་ཞུ་གཏུག་གི་ལས་འགུལ་ཚགས་ཚུད་དང་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས།  དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཀྱི་ནུས་པ་ཤུགས་ཆེ་རུ་ཇི་ལྟར་བཏང་དགོས་མིན་ཐད་འཛེམ་ཟོན་སྤངས་ཏེ་རང་དབང་དང་དྲང་བདེན་ཐོག་ནས་བསམ་ཚུལ་བརྗེ་ལེན་དང་གོ་བསྡུར་སྦྱང་བཤད་ལྷུག་པོའི་ཐོག་ནས་འཐབ་རྩོད་ཀྱི་གོམས་པ་མདུན་སྤོ་བྱེད་ཐབས་བྱས་པ་ཤིག་རེད།

སྲིད་སྐྱོང་མཆོག་ནས་ཀྱང་ལྷན་ཚོགས་དེ་ལས་བསམ་ཚུལ་བྱུང་བ་རྣམས་གང་ཐུབ་ལག་བསྟར་ཡོང་ཐབས་བྱ་རྒྱུ་ཡིན་སྐོར་གསུངས།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རྩ་འཛིན་ལམ་སྟོན་འོག་ནས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་ཙམ་མ་ཟད།   བོད་ནི་ས་བབ་དང་ཆབ་སྲིད། ཁོར་ཡུག་ཀྱི་གནད་དོན་ཐོག་ནས་བཤད་ནའང་ཨེ་ཤི་ཡ་དང་། གོ་ལ་སྤྱི་ཡོངས་ལ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད།

ང་ཚོ་བོད་མི་ཚོ་ཡ་རབས་པོ་ཡིན།   ང་ཚོས་བོད་ཀྱི་གནད་དོན་འདི་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་རྒྱ་ནག་དང་ལྷན་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་ཐོག་བོད་ཀྱི་དཀའ་རྙོག་དེ་སེལ་ཐབས་ཆེད་ཁ་ཞེ་གཉིས་མེད་ཐོག་ནས་འབད་བརྩོན་བྱེད་བཞིན་ཡོད། ཅེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས། །

རྩོམ་ཡིག་སྤེལ་མཁན་དྲིལ་བསྒྲགས་དྲུང་ཆེའི་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས།

ཕྱི་དྲིལ་བོད་ཡིག་ཚན་པས་བོད་བསྒྱུར་ཞུས།

Share with your friends










Submit