ཟླ་བ་ ༡༠ ཚེས ༣༠ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༠ ཚེས་ ༣༠ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་དམིགས་བསལ་མཁས་ལས་མི་སྣ་ Special Rapporteurs དང་།  རྒྱལ་ཚོགས་ཀྱི་དམིགས་བསལ་ཚོགས་ཆུང་ Working Groups བཅས་ལྷན་ཚོགས་ཐེངས་ ༢༤ ཚོགས་ཡོད་པ་དང་།

དེ་ཡང་ཟླ་བ་དྲུག་རེའི་མཚམས་སུ་ཐེངས་རེར་ཚོགས་པའི་ལྷན་ཚོགས་སྐབས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲ་ཤིས་དབང་ཕྱུག་ལགས་དང་།   སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་མཆོག་གི་སྲིང་མོ་ཉི་མ་ལྷ་མོ་ལགས།  དེ་བཞིན་གསེར་རྟ་བླ་རུང་སྒར་གྱིས་གཙོས་བོད་ཀྱི་ཆོས་དང་རིག་གཞུང་།   ཁོར་ཡུག་བཅས་ལ་དཀའ་ངལ་དང་ཉེན་ཁ་འཕྲད་བཞིན་པ་བཅས་ཐུན་མོང་ཐོག་རྒྱ་ནག་གཞུང་ལ་འདྲི་རྩད་ཐེངས་གསུམ་གནང་བའི་སྐོར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་བརྙན་ཐུང་ཞིག་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་འདོན་སྤེལ་གནང་ཡོད།

དེ་ཡང་འདྲི་རྩད་དང་པོ་དེ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་དམིགས་བསལ་མཁས་ལས་མི་སྣ་དྲུག་གིས་གནང་ཡོད་པ་དང་། སྐབས་དེར་ཁོང་རྣམ་པས་རྒྱ་ནག་གཞུང་ལ་བོད་ནང་གི་ཆོས་དད་རང་དབང་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་སྲིད་བྱུས་ཐོག་དྲི་བ་དང་སྦྲགས།  གསེར་རྟ་བླ་རུང་སྒར་གཏོར་བཤིག་ཚབས་ཆེ་གཏོང་བཞིན་པ་མ་ཟད།  དགེ་བཙུན་རྣམས་དགོན་པ་ནས་ཕྱིར་འབུད་གཏོང་བཞིན་པ། དེ་བཞིན་གུང་སྔོན་བླ་རིར་གཏེར་ཀ་གང་བྱུང་སྔོག་འདོན་བྱེད་སྐབས་ས་གནས་བོད་མི་རྣམས་ཀྱིས་ཞི་རྒོལ་གནང་བ་དེར་རྒྱ་ནག་གཞུང་གིས་དྲག་གནོན་ཚབས་ཆེ་བྱས་པ་མ་ཟད། བོད་མི་གང་བྱུང་འཛིན་བཟུང་བཀག་ཉར་བྱས་པ་བཅས་སྐོར་ཡིན་འདུག

འདྲི་རྩད་གཉིས་པའི་སྐབས།  སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་མཆོག་གི་སྲིང་མོ་ཉི་མ་ལྷ་མོ་ལགས་དང་སྒྲོལ་དཀར་ལྷ་མོ་ལགས་རྣམ་གཉིས་ཀྱིས་རིན་པོ་ཆེ་དམ་པ་ཁོང་ལ་རྒྱ་ནག་གཞུང་གིས་དྲང་བདེན་མིན་པའི་ཁྲིམས་གཅོད་ཇི་ལྟར་བྱས་མིན་སྐོར་འཛམ་གླིང་ཕྱི་ལ་དྲིལ་བསྒྲགས་བྱས་པ་བརྒྱུད་རྒྱབ་སྐྱོར་འཚོལ་ཐབས་བྱས་པའི་ཉེས་མིང་འོག་དམ་བསྒྲགས་བཀག་ཉར་བྱས་པ་མ་ཟད།  ཁོང་གཉིས་ལ་སོ་མྱུལ་བྱས་པའི་སྐོར་དང་།  ལྷག་པར་དམིགས་བསལ་མཁས་ལས་མི་སྣ་གསུམ་གྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་མཆོག་གི་གཅེན་མོ་སྒྲོལ་དཀར་ལྷ་མོ་ལགས་ཀྱི་འགྲོ་བསྐྱོད་རང་དབང་ཐོག་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱས་པའི་གནད་དོན་འཁོད་འདུག

ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས།  རྒྱ་ནག་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གལ་ཆེའི་ཚོགས་མིའི་ཁོངས་ནས་གཅིག་ཡིན་སྟབས་རྒྱལ་ཚོགས་ཀྱི་ལས་དོན་ཐོག་འགན་ཁུར་ཡོད་པ་དེ་མ་རྗེད་པ་གནང་དགོས།  ལྷག་པར་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་སོགས་ཀྱི་ལས་དོན་དང་རྒྱུན་གྲོན་ཆེད་ཞལ་འདེབས་རྒྱག་མཁན་ཤུགས་ཆེ་ཤོས་གྲས་ཡིན་ཞིང་།  དེར་བརྟེན་འགན་ཡོད་པའི་ཐོག་ནས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དེ་དག་མཚམས་འཇོག་ཐོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས། ཞེས་གསུངས།།

Share with your friends










Submit