མདུན་ཤོག » Flash Mobile » གསར་གནས། »

རང་བཙན་ཁ་ལ་འཁྱེར་ནས་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཚོར་ངོས་ལེན་བྱེད་ཐབས་རྩ་བ་ནས་མེད།

Share with your friends










Submit

༢༠༡༧ ཟླ་ ༡༠ ཚེས་ ༡༠ རེས་གཟའ་མིག་དམར།

༄༅། །ལྔ་དང་ལྔ་བཅུའི་འཆར་སྣང་ལྷན་ཚོགས་ཉིན་མཐའ་མའི་སྐབས་ཏེ་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཚོགས་བཅར་བ་རྣམས་ལ་མཇུག་སྡོམ་གསུང་བཤད་གནང་དོན།

ཚོགས་བཅར་བ་རྣམས་ཀྱིས་སེམས་ཁུར་ཆེན་པོས་ལྷན་ཚོགས་ནང་མ་འོངས་བོད་དོན་འཐབ་རྩོད་ཀྱི་གོམས་པ་མདུན་སྤོས་སླད་བསམ་ཚུལ་རྣམས་འཛེམས་ཟོན་མེད་པར་ཞལ་ཧ་ཅང་གསང་པོའི་ཐོག་ནས་གོ་བསྡུར་སྦྱངས་བཤད་གནང་བ་དེས་ང་ཚོར་ཏན་ཏན་ཕན་ཐོགས་ཧ་ཅང་ཡོང་ངེས་པ་ཞིག་རེད། དེར་བརྟེན་ངས་ཚོགས་བཅར་བ་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།   ང་ཚོས་ཁྱེད་རྣམ་པའི་དགོངས་འཆར་གནང་བ་དེ་དག་ཐོག་ངེས་པར་དུ་བསམ་བློ་བཏང་བ་བརྒྱུད་སྐབས་བབ་ལས་གཞི་དང་སྲིད་བྱུས་ཇི་ལྟར་གཏན་འབེབས་བྱེད་དགོས་མིན་ཐད་བསམ་བློ་གཏོང་རྒྱུ་ཡིན། ཞེས་གསུང་པ་དང་སྦྲགས། དབུ་མ་དང་རང་བཙན་གྱི་ལངས་ཕྱོགས་དབར་འགལ་ཟླའི་གནས་ཚུལ་བྱུང་བའི་སྐོར་གསུང་དོན།  བོད་མིའི་སྒྲིག་འཛུགས་ནས་བོད་རང་བཙན་རྩོད་མཁན་དང་རྒྱབ་སྐྱོར་གནང་མཁན་ཚོར་ངོ་རྒོལ་རྩ་བ་ནས་བྱེད་ཀྱི་མེད།  ལོ་རྒྱུས་ཐོག་ནས་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པ་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་བོད་མི་ཁག་གཅིག་གིས་བོད་རང་བཙན་ཁ་ལ་འཁྱེར་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་བཞིན་པ་དེ་དག་ང་ཚོས་ངོས་ལེན་བྱ་ཐབས་རྩ་བ་ནས་མེད། རང་བཙན་རྩོད་མཁན་ཚོའི་ལྷག་བསམ་དང་སྙིང་སྟོབས་ལ་ང་ཚོས་གུས་བརྩི་ཞུ་བཞིན་ཡོད། འོན་ཀྱང་རང་བཙན་ལངས་ཕྱོགས་དང་༸གོང་ས་མཆོག་གཉིས་དབར་དབྱེ་བ་འབྱེད་དགོས།

བོད་མི་དང་བོད་ཀྱི་རྩ་དོན་ལ་ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལས་ལྷག་པའི་བཀའ་དྲིན་ཆེ་བ་སུ་ཡང་མེད། ཅེས་སོགས་ཀྱི་གསུང་བཤད་གནང་བ་མ་ཟད།  རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ལྷན་རྒྱ་གར་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་མི་དང་བོད་དོན་ལ་ད་བར་རྒྱབ་སྐྱོར་གནང་བར་ཕྱི་ལོ་ ༢༠༡༨ ལོ་དེ་ཉིད་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་སྐོར་གསུང་དོན། ལོ་རྗེས་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་༸ཞབས་སོར་འཁོད་ནས་མི་ལོ་ ༦༠ ཧྲིལ་པོ་འཁོར་བཞིན་ཡོད་པར་བརྟེན་ང་ཚོས་ལོ་དེའི་ནང་རྒྱ་གར་གཙོ་བོར་གྱུར་བའི་འཛམ་གླིང་ཁྱོན་ནས་བོད་མི་དང་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན།   རྒྱ་གར་ལྟ་བུར་མཚོན་ན་བོད་མིར་རྒྱབ་སྐྱོར་ཤུགས་ཆེ་ཤོས་གནང་མཁན་ཡིན། རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་ང་ཚོས་ནམ་ཡང་རྗེད་ཐབས་མེད། ཅེས་གསུངས། མཇུག་སྡོམ་མཛད་སྒོ་གཙོ་སྐྱོང་གནང་མཁན་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་དང་། ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་མཁན་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཡིན་པ་བཅས།།

Share with your friends










Submit