མདུན་ཤོག » Flash Mobile » གསར་གནས། »

བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་མི་རིགས་འདྲེས་མའི་བོད་རིགས་རྣམས་ལ་གསུང་བཤད་གནང་བ།

Share with your friends










Submit

༢༠༡༧ ཟླ་ ༡༠ ཚེས་ ༡༢ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༢ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༥ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་མི་རིགས་འདྲེས་མའི་བོད་རིགས་གཞོན་སྐྱེས་རྣམས་ལ་གསུང་བཤད་གནང་དོན། ཐོག་མར་ཚང་མར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། སྤྱིར་མི་རིགས་འདྲེས་མའི་བོད་རིགས་གཞོན་སྐྱེས་ཚོགས་འདུ་ཐོག་མར་ལས་འཆར་སྤེལ་མཁན་གྲངས་ང་རང་གཅིག་ཡིན། སྐབས་དེར་ལྷན་ཚོགས་དང་པོ་དེ་ཨིན་ཡུལ་རྒྱལ་ས་ལོན་ཌོན་ནང་ཚོགས་ཡོད།  སེམ་ Sam གྱིས་སྐབས་དེར་སྲིད་སྐྱོང་ནས་ལྷན་ཚོགས་ལ་ཡིག་ཐོག་དང་།  དེ་བཞིན་བརྙན་འཕྲིན་ཐུང་ཐུང་ཞིག་བཀུར་རོགས་ཞེས་གསུང་བྱུང་།  དེ་ནས་ལྷན་ཚོགས་ཐེངས་གཉིས་པ་དེ་སུད་སིར་ཚོགས་པ་རེད།  སྐབས་དེར་མཐུན་འགྱུར་རོགས་རམ་གང་ཐུབ་ཞུས་རྒྱུ་བྱུང་།  སྐབས་དེར་ཁྱེད་ཚོས་མ་འོངས་པར་རྡ་རམ་ས་ལར་ཚོགས་འདུ་ཚོགས་ཐུབ་ཐབས་གནང་དགོས་པའི་བསམ་ཚུལ་ཞུ་རྒྱུ་བྱུང་།  གང་ཡིན་བརྗོད་ན་མི་རིགས་འདྲེས་མའི་བོད་རིགས་གཞོན་སྐྱེས་ཚོགས་འདུ་འཛམ་གླིང་ས་གནས་གང་སར་ཚོགས་ཡོད། འོན་ཀྱང་རྡ་རམ་ས་ལ་འདི་བོད་མིའི་འཐབ་རྩོད་ཀྱི་བསྟི་གནས་གཙོ་བོ་ཡིན་སྟབས་འགག་ཆེན་པོ་ཞིག་ཆགས་ཡོད།

དེར་བརྟེན་ཐེངས་འདིར་ང་ཚོས་བོད་རིགས་འདྲེས་མའི་ལྷན་ཚོགས་འདི་ལྟ་བུ་གོ་སྒྲིག་ཞུ་ཐུབ་པ་འདི་གལ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་སྟབས་བསྔགས་བརྗོད་དང་སྦྲགས་དགའ་བསུ་ཞུ་རྒྱུ་ཡིན། སྔ་ལོར་སུད་སིར་ཡོད་སྐབས་བོད་རིགས་འདྲེས་མ་ཞིག་གིས་བོད་མིའི་སྒྲིག་འཛུགས་ཀྱིས་མི་རིགས་འདྲེས་མའི་བོད་རིགས་ཐོག་ལངས་ཕྱོགས་གང་ཡོད། ཅེས་དྲིས་བྱུང་།   སྐབས་དེར་ངས་མི་རིགས་འདྲེས་མའི་བོད་རིགས་་ཁྱེད་རྣམ་པ་ཚང་མ་བོད་མིར་ངོས་འཛིན་ཞུ་བཞིན་ཡོད། ཅེས་བརྗོད་རྒྱུ་བྱུང་། གང་ཡིན་བརྗོད་ན་ངས་ཁྱེད་ཚོ་མི་རིགས་འདྲེས་པ་ཙམ་ལས་བོད་རིགས་གཙང་མ་ཞིག་མིན་པ་ལ་ངོས་འཛིན་རྩ་བ་ནས་ཞུ་གི་མེད།  དེར་བརྟེན་བོད་མི་སྤྱི་འདྲ་སྤྱི་མཚུངས་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་གང་ཡིན་པ་དེ་དག་ཁྱེད་རྣམ་པར་ཡང་གཅིག་མཚུངས་རེད།

ལྷག་པར་ང་རང་སྒར་ལ་མཚོན་ནའང་སྤུན་མཆེད་ཁག་གཅིག་མི་རིགས་འདྲེས་མ་ཡིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་སྤྱི་མཐུན་ཚོགས་པ་དཔེ་བཞག་གནང་མཛད་ནས་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་རྩ་ཆེར་འཛིན་ནས་སྤྱིའི་བདེ་དོན་གལ་ཆེར་འཛིན་དགོས་པའི་ལམ་སྟོན་བཀའ་སློབ་གཞིར་བཞག་ཐོག ཁོང་གི་དབུ་ཁྲིད་ལམ་སྟོན་འོག་བོད་མི་རྣམས་ཀྱིས་བོད་མི་ཚོས་རྒྱ་མི་རིགས་དང་ལྷན་འཆམ་མཐུན་ངང་མཉམ་གནས་ཡོང་ཐབས་བྱེད་བཞིན་ཡོད།  དེར་བརྟེན་༸གོང་ས་མཆོག་གི་ཐུགས་ཀྱི་འཆར་སྣང་དེ་འགྲོ་བ་མི་རིགས་ཡོངས་རྫོགས་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པ་དེ་ཡིན་སྟབས་བོད་མི་ཚོས་ཁྱེད་རྣམས་ཀྱང་བོད་མི་སྤྱི་འདྲ་སྤྱི་མཚུངས་སུ་ངོས་འཛིན་བྱེད་བཞིན་ཡོད་པ་གདོན་མི་ཟ།   འདི་ག་བོད་མིའི་སྒྲིག་འཛུགས་དྭང་བླངས་ཞབས་ཞུ་ཚན་པའི་ནང་ཕྱག་ལས་གནང་འདོད་ཡོད་རིགས་ནས་ཕྱག་ལས་གནང་ཆོག  ཁྱེད་རྣམ་པ་བོད་མིའི་སྒྲིག་འཛུགས་ཀྱི་ཆ་ཤེས་ཡིན་སྟབས་དྭང་བླངས་ཞབས་ཞུ་གནང་འདོད་ཡོད་ཚེ་སྒོ་ཕྱེ་ནས་ཡོད།

འཛམ་གླིང་ནང་སྐྱབས་བཅོལ་བ་མི་གྲངས་ས་ཡ་ ༦༠ ཡོད་ཁོངས་ནས་བོད་མི་སྐྱབས་བཅོལ་བའི་གནས་སྟངས་དྲག་ཤོས་ཆགས་ཡོད། དེ་ནི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མི་རབས་རྒན་པ་ཚོས་སྐུ་ངལ་མཛད་པར་བརྟེན་ནས་བྱུང་ཐུབ་པ་ཞིག་རེད།  ཅེས་སོགས་ཀྱི་གསུང་བཤད་གནང་།

ཐེངས་འདིའི་ཚོགས་འདུ་དེ་བཞིན་བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་དུ་ཚོགས་ཡོད་པ་དང་། ཚོགས་འདུར་ཨ་རི་སོགས་རྒྱལ་ཁབ་བརྒྱད་ནས་བོད་རིགས་འདྲེས་མ་གཞོན་སྐྱེས་གྲངས་ ༡༤ མཉམ་ཞུགས་གནང་ཡོད་པ་དང་། གཞོན་སྐྱེས་དེ་དག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་དང་བཀའ་སློབ་སྩལ་འདུག་པ་མ་ཟད།    གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་སློབ་གྲྭ་སོགས་སུ་འཚམས་གཟིགས་སུ་ཕེབས་ཡོད།

ཚོགས་འདུ་འདིའི་ཐོག་མི་རིགས་འདྲེས་མའི་བོད་རིགས་ནང་ཁུལ་དབར་ངོ་ཤེས་དང་བསམ་ཚུལ་བརྗེ་ལེན། ལྷག་དོན་བོད་མིའི་ངོ་བོ་གཅེས་སྲུང་དང་། བོད་དོན་འཐབ་རྩོད་ཐོག་ནུས་པ་མཉམ་སྤུངས་གནང་ཕྱོགས་སོགས་ཀྱི་ཐད་གོ་བསྡུར་སྦྱངས་བཤད་གནང་འདུག

མི་རིགས་འདྲེས་མའི་བོད་རིགས་ཚོགས་འདུ་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༡༤ ལོར་ཨིན་ཡུལ་རྒྱལ་ས་ལོན་ཌོན་དུ་ཚོགས་པ་དང་། ཚོགས་འདུ་ཐེངས་གཉིས་པ་དེ་སུད་སིའི་གྲོང་ཁྱེར་ཛུ་རིག་ནང་ཚོགས་ནས་ད་ཐེངས་ཚོགས་འདུ་ཐེངས་གསུམ་པ་ཆགས་ཡོད་པ་བཅས།། 

Share with your friends










Submit