ཟླ་བ་ ༡༠ ཚེས ༡༩ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༠ ཚེས་ ༡༩ རེས་གཟའ་ཕུར་བུ།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཤར་མ་ནི་པུར་གྱི་རྒྱལ་ས་ཨིམ་ཕཱལ་ནང་གི་ཀོན་ཝེན་ཤེན་ཚོགས་ཁང་ཆེན་མོའི་ནང་མི་གྲངས་ ༧༠༠ བརྒལ་བར་བླང་དོར་བཀའ་སློབ་སྩལ་ཡོད། དེ་ཡང་ཐོག་མར་མངའ་སྡེའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཡུམ་ནམ་ཁེམ་ཅནྡ་ Yumnand Khemchand Singh མཆོག་གིས་ཐེངས་འདིར་མ་ནི་པུར་མངའ་སྡེའི་གཞུང་མང་ཡོངས་ནས་བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན་སྐོར་གྱི་ངོ་སྤྲོད་གསུང་བཤད་གནང་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།

དེང་སྐབས་ང་ཚོ་འགྲོ་བ་མིར་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་ང་ཚོ་རང་གིས་བཟོས་པའི་དཀའ་ངལ་ཞིག་ཆགས་ཡོད།  དེའི་རྒྱུ་མཚན་གང་ཡིན་བརྗོད་ན།  ང་ཚོས་སེམས་ཚོར་ཙམ་གྱི་རྗེས་སུ་འབྲང་ནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བཀོལ་སྤྱོད་མ་ཐུབ་པར་བརྟེན་དཀའ་ངལ་འཕྲད་བཞིན་ཡོད།  མིའི་གཞི་རྩའི་ལྷན་སྐྱེས་ཀྱི་རང་བཞིན་དེ་ངན་པ་ཞིག་རྩ་བ་ནས་མིན། འོན་ཀྱང་ཁོང་ཁྲོ་དང་འཇིགས་སྣང་གི་གཞན་དབང་དུ་ལམ་སང་ཚུད་འགྲོ་བཞིན་ཡོད།  རང་རྒྱུད་ཆགས་སྡང་གི་གཞན་དབང་དུ་ཕྱིན་པ་དེར་སྣང་མེད་དུ་བཏང་ནས་ཡིན་ཤག་བྱས་པ་མ་གཏོགས་དེས་རང་ཉིད་ལ་གནོད་སྐྱོན་ཇི་ཙམ་གཏོང་བཞིན་ཡོད་པ་ཤེས་ཀྱི་མེད།

དེང་སྐབས་གོ་ལ་སྤྱི་ལ་འཕྲད་བཞིན་པའི་ཁོར་ཡུག་གི་དཀའ་ངལ་ལྟ་བུ་གླིང་ཆེན་དང་རྒྱལ་ཁབ་ཀྱི་ས་མཚམས་གང་ཡང་མེད་པར་འགྲོ་བ་མི་རིགས་ཀུན་ལ་ཐུན་མོང་དུ་འཕྲད་བཞིན་པའི་དཀའ་ངལ་རེད། དེར་བརྟེན་གླིང་ཆེན་དང་རྒྱལ་ཁབ་ཕན་ཚུན་ཧ་ཅང་གཅིག་ལ་གཅིག་བརྟེན་ནས་འཚོ་སྡོད་བྱེད་དགོས་པའི་དུས་ཚོད་གཅིག་ཆགས་ཟིན་པ་ལས་སྔ་མོ་ལྟར་ཕྱོགས་གཅིག་ལ་རྒྱལ་དང་གཞན་ལ་ཕམ་ཁ་བྱས་ནས་འགྲོ་རྒྱུའི་དུས་ཚོད་ཡོལ་ཟིན་པ་རེད། རང་རྒྱལ་གཞན་ཕམ་གྱི་གནས་སྟངས་དེ་དངོས་ཡོད་གནས་ཚུལ་དང་མི་འཚམས་པ་ཞིག་ཆགས་ཟིན། དེར་བརྟེན་རྙོག་གྲ་དང་དཀའ་ངལ་དེ་དག་ཕན་ཚུན་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་ལས་དྲག་པོའི་སྟོབས་ཤུགས་ཐོག་ནས་རྙོག་གྲ་སེལ་ཟེར་བ་ཡོང་ཐབས་མེད། ཅེས་བཀའ་སློབ་སྩལ་བ་དང་སྦྲགས་རྒྱ་གར་མི་མང་ཚོས་རྒྱ་གར་གནའ་རབས་ཀྱི་བློའི་རྣམ་གཞག་དང་སེམས་ཁམས་རིག་པའི་རྣམ་གཞག་ཐོག་ལ་དོ་སྣང་བྱེད་དགོས་སྐོར་བཀའ་སློབ་སྩལ་དོན།

དེང་དུས་ཤེས་ཡོན་ལམ་ལུགས་དེ་གཙོ་བོ་ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་དང་དྲག་པོའི་སྟོབས་ཤུགས་ལ་དམིགས་ནས་འགྲོ་བཞིན་ཡོད།  རྒྱ་གར་གནའ་རབས་སྲོལ་རྒྱུན་ལམ་ལུགས་ནང་གཙོ་བོ་ནང་གི་གཤིས་རྒྱུད་འདུལ་ཐབས་དང་། དེའི་ཐོག་ནས་སེམས་ནང་ཞི་བདེ་ཇི་ལྟར་སྐྲུན་བཞིན་ཡོད་པའི་སྐོར་གསུང་ཡོད།  ལེགས་བཤད་དེ་དག་ད་ལྟའི་འཛམ་གླིང་གི་གནས་སྟངས་དང་ཧ་ཅང་འཚམས་པ་ཙམ་མ་ཟད། དགོས་མཁོ་ཧ་ཅང་ཡོད་པ་ཞིག་དང་རན་པོ་ཞིག་ཀྱང་ཆགས་ཡོད།   དེར་བརྟེན་ངོས་ཀྱིས་བསམ་པར་གནའ་དེང་ཤེས་ཡོན་ཟུང་འབྲེལ་ཐོག་ནས་འགྲོ་ཐུབ་མཁན་དེ་རྒྱ་གར་ཁོ་ན་ཡིན་པ་མ་ཟད།  རྒྱ་གར་གྱིས་འཛམ་གླིང་ནང་ཞི་བདེ་གོང་མཐོར་གཏོང་རྒྱུའི་ཐད་ཞབས་འདེགས་ཧ་ཅང་ཞུ་ཐུབ་རེད། ཅེས་བཀའ་སློབ་སྩལ་རྗེས་ཚོགས་བཅར་བའི་དྲི་བ་རྣམས་ལ་བཀའ་ལན་སྩལ།

སྐབས་དེར་བོད་ཀྱི་ཁོར་ཡུག་དང་མ་ནི་པུར་མངའ་སྡེའི་ནང་གི་རྙོག་གྲ་ཁག་གི་དྲི་བར་བཀའ་ལན་སྩལ་དོན། བོད་མཐོ་སྒང་ས་མཐོ་བར་བརྟེན་ཁོར་ཡུག་ཉམས་ཆག་འགྲོ་སླ་བ་དང་།  ཨེ་ཤི་ཡའི་གཙང་པོ་ཆེ་ཁག་གི་ཆུ་མགོ་བོད་ནང་ཡོད་སྟབས་གཙང་པོ་དེ་དག་གི་གཤམ་དུ་ཡོད་པའི་ཡུལ་གྲུ་ཁག་གིས་བོད་ཀྱི་ཁོར་ཡུག་ཐོག་སེམས་འཚབ་དང་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་ཆ་ཚང་ཡོད། ཅེས་བཀའ་ལན་སྩལ།

ཕྱོགས་མཚུངས་མ་ནི་པུར་ནང་འཚེ་བར་བརྟེན་པའི་རྙོག་གྲ་ཁག་གཅིག་དང་འབྲེལ་ནས་བཀའ་ལན་སྩོལ་སྐབས་མགོན་པོ་གང་ཉིད་མཆོག་ནི་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ European Union ལྟ་བུར་ཡི་རངས་བསྔགས་བརྗོད་ཧ་ཅང་མཛད་མཁན་ཞིག་ཡིན་པ་དང་།  ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་དེས་སྤྱིའི་ཁེ་ཕན་དེ་གཙོ་བཟུང་བྱས་པ་མ་གཏོགས་རྒྱལ་ཁབ་སྒེར་གྱི་ཁེ་ཕན་གཙོ་བཟུང་བྱས་མེད་སྟབས་རྒྱ་ཆེ་ས་ནས་བསམ་བློ་གཏོང་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་ལམ་སྟོན་དང་སྦྲགས།  རྒྱ་གར་ནི་མང་གཙོའི་རྒྱལ་ཁབ་གཅིག་ཡིན་སྟབས་སྲིད་གཞུང་གི་གནང་ཕྱོགས་ལ་ཐད་ཀར་མི་མང་གིས་དྲི་བ་གཏང་ཆོག་སྐོར་བཀའ་ལན་སྩལ། བཀའ་སློབ་ལས་རིམ་ཡོངས་སུ་གྲུབ་རྗེས་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་།

ཉིན་གུང་ལྗགས་སྨིན་རྒྱས་བཞེས་མཛད་རྗེས་མངའ་སྡེའི་སྲིད་སྐྱོང་མཆོག་གི་གཟིམ་ཤག་ཏུ་ཆིབས་༸ཞལ་བསྒྱུར།  ཕྱི་ཚེས་ ༡༩ ཉིན་རྒྱལ་སའི་གནམ་ཐང་བརྒྱུད་ལྡི་ལི་དང་ལྡི་ལི་གནམ་ཐང་ནས་ཐད་ཀར་ག་གྷལ་བརྒྱུད་བཞུགས་སྒར་དུ་༸ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་འདུག་པ་བཅས།།

 

 

Share with your friends










Submit