མདུན་ཤོག » Featured Mobile » Flash Mobile » གསར་གནས། » པར་རིས་གནས་ཚུལ། »

༸གོང་ས་མཆོག་༸སྐུ་འཚོ་བཞུགས་མ་མཛད་པའི་མཚམས་དེར་ཁོང་གིས་གསོལ་སྩལ་མཛད་པའི་མང་གཙོའི་སྒྲིག་འཛུགས་འདིས་བོད་མིའི་མདུན་ལམ་གྱི་ཁ་ཕྱོགས་བསྒྱུར་རྒྱུ་རེད།

Share with your friends










Submit

༢༠༡༧ ཟླ་ ༡༠ ཚེས་ ༥ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༥ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༧ ཙམ་ལ་དརྨ་ཤཱ་ལའི་བོད་ཁྱིམ་སློབ་གྲྭའི་ཉེ་འགྲམ་དུ་ཆགས་པའི་པེ་ཝི་ལི་ཡོན་གསོལ་མགྲོན་ཁང་ Hotel Pavilion  དུ་ལྔ་དང་ལྔ་བཅུའི་འཆར་སྣང་གི་ལྷན་ཚོགས་ཐོག་ཚོགས་བཅར་བ་རྣམས་ལ་གསོལ་སྟོན་ཞིག་བཤམས་ཡོད། གསོལ་སྟོན་མཛད་སྒོའི་ཐོག་བཀའ་བློན་ཁྲི་ཟུར་མཁས་དབང་སློབ་དཔོན་ཆེན་པོ་ཟམ་གདོང་རིན་པོ་ཆེ་མཆོག་གིས།  ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྱུང་འགྱུར་བོད་མིའི་འཐབ་རྩོད་ཀྱི་རྣམ་པར་གཟིགས་སྟངས།   སྤྱིར་བོད་ཀྱི་གནས་སྟངས་འདིར་ཕྱོགས་མང་པོའི་ཐོག་ནས་བལྟ་དགོས་པ་མ་ཟད། དེར་འགྲེལ་བརྗོད་ཀྱང་རྣམ་གྲངས་མང་པོའི་ཐོག་ནས་བརྒྱབ་ཐུབ་རྒྱུ་ཡིན་པ་དེ་ལྟར་ནའང་། བོད་ཀྱི་གནད་དོན་ངོ་མ་རྟོགས་པར་བོད་ཀྱི་ཆོས་དང་རིག་གཞུང་། ད་ལྟའི་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས།  བོད་མིའི་གནས་སྟངས་བཅས་ཡག་པོ་ཤེས་དགོས་སྐོར་གསུང་པ་དང་སྦྲགས།   འབྱུང་འགྱུར་བོད་དོན་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུའི་གནས་སྟངས་ཐོག་རིན་པོ་ཆེ་མཆོག་གིས་བཟང་ཕྱོགས་ཀྱི་འགྱུར་བ་དེ་རང་བཞིན་གྱིས་འགྲོ་རྒྱུ་ཞིག་མིན་པར་དཀའ་ལས་བརྒྱབ་དགོས་པ་དང་།  ད་ལྟའི་བོད་མིའི་ཆབ་སྲིད་ཀྱི་འཐབ་རྩོད་དེ་དུས་སྐབས་མི་འདྲ་བ་གསུམ་དུ་ཆ་བགོས་གནང་ནས་འགྲེལ་བརྗོད་གནང་སྐབས། དུས་རབས་ ༢༠ ནང་ལྔ་དང་ལྔ་བཅུ་དང་། དུས་རབས་ ༢༡ ནང་དྲུག་དང་དྲུག་བཅུ་སོགས་དབྱེ་ཆོག་ཚུལ།

དུས་རབས་ ༢༠ ལྔ་དང་ལྔ་བཅུ་བརྗོད་སྐབས་ཕྱི་ལོ་ ༡༩༠༤ ནས་ ༡༩༥༤ ལོའི་བར་དང་། དུས་སྐབས་དེའི་རིང་བོད་མི་ཚོས་ཆབ་སྲིད་ཀྱི་འཐུས་ཤོར་ཆེ་ཤོས་བཏང་བའི་དུས་སྐབས་ཤིག་དང་། དུས་རབས་དེའི་ཐོག་མའི་ལོ་ལྔའི་ནང་བོད་དེ་རྒྱ་ནག་དང་ཨིན་ཇིའི་ཚོང་འབྲེལ་གྱི་ཆིངས་ཡིག་བཞག་པའི་འོག་ཚུད་པ་མ་ཟད། ཨིན་གཞུང་ཚོང་འབྲེལ་དོན་གཅོད་ཀྱིས་ཕྱིས་ལོ་ ༡༩༠༤ ལོར་བོད་ནང་དམག་རྒོལ་བྱས་ཡོད།

དེ་རྗེས་ལོ་ལྔ་བཅུའི་རིང་རྒྱ་ནག་དམར་པོས་བོད་ས་བཙན་བཟུང་བྱས་ཡོད་ཀྱང་དུས་སྐབས་དེའི་རིང་འཛམ་གླིང་ནང་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པར་ངོས་འཛིན་ཐོབ་རྒྱུའི་གོ་སྐབས་ཧ་ཅང་བཟང་པོ་ཞིག་ཐོབ་ཡོད།  སྐབས་དེར་རྒྱ་གར་ཨིན་ཇིའི་བཙན་འོག་ནས་རང་བཙན་ཐོབ་ཙམ་མ་ཟད།  བོད་དེ་རང་བཙན་རྒྱལ་ཁབ་གཅིག་ལ་ངོས་འཛིན་གནང་ནས་ཕན་ཚུན་འབྲེལ་ལམ་འཛུགས་རྒྱུར་རྒྱ་གར་གཞུང་གསར་པ་དེས་དགོངས་བཞེས་གནང་ཡོད་ཀྱང་སྐབས་དེའི་བོད་མིའི་དབུ་ཁྲིད་ཚོས་འཛམ་གླིང་གི་གནས་སྟངས་སྐོར་གོ་རྟོགས་གང་ཡང་མེད་སྟབས་གོ་སྐབས་དེ་ཤོར་བ་རེད།

སྐབས་དེར་གལ་ཏེ་ང་ཚོས་འཛམ་གླིང་གི་གནས་སྟངས་རྟོགས་ཐུབ་ཡོད་ན་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཀྱི་ངོ་བོའི་ཐོག་ནས་གནས་ཐུབ་ཡོད།  སྐབས་དེར་རྒྱ་གར་གཞུང་གིས་བོད་གཞུང་དང་འབྲེལ་བ་གནང་ནས་དེ་སྔའི་ཨིན་གཞུང་སྐབས་ཚོང་འབྲེལ་གང་ཡོད་པ་དེ་དག་རྒྱུན་སྐྱོང་གནང་རྒྱུའི་དགོངས་བཞེས་གནང་ཡོད་ཀྱང་བོད་པས་དེར་ཡ་ལན་ཙམ་ཡང་མ་བྱས་པ་དང་།  དེར་བརྟེན་རྒྱ་གར་གཞུང་ལ་ཐབས་གཞན་མ་རྙེད་པར་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་ལམ་འཛུགས་དགོས་པའི་གནས་སྟངས་ཆགས་ཡོད་སྐོར་གསུང་པ་མ་ཟད།

རིན་པོ་ཆེ་མཆོག་གིས་དུས་རབས་ ༢༡ ནང་དྲུག་དང་དྲུག་བཅུའི་འཆར་སྣང་སྐོར་གསུང་སྐབས། ཕྱི་ལོ་ ༡༩༥༧ ནས་ ༢༠༡༧ བར་དབྱེ་མཚམས་འབྱེད་ནས་ཐོག་མའི་ལོ་ལྔའི་ནང་བོད་མི་ཚོ་ཧ་ཅང་དཀའ་ངལ་འོག་ཚུད་པ་དང་། འོན་ཀྱང་ལོ་ངོ་དྲུག་བཅུའི་སྨད་ཆར་བོད་ཀྱི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་བྱུང་ཐུབ་པར་བརྟེན་གནས་སྟངས་ཇེ་བཟང་དུ་ཕྱིན་ཡོད་པ།

དུས་སྐབས་དེའི་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྲོས་བྱོལ་དུ་ཆིབས་སྒྱུར་མ་བསྐྱང་ཐབས་མེད་ཆགས་པ་དང་།  ༸གོང་ས་མཆོག་གི་རྗེས་སུ་བོད་མི་སྟོང་ཕྲག་མང་པོ་བཙན་བྱོལ་དུ་ཡོང་དགོས་ཐུག་ཡོད། འོན་ཀྱང་དུས་སྐབས་དེའི་རིང་བོད་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་གཞི་ནས་དོ་སྣང་གསར་པ་ཞིག་བསླེབས་ཡོད་པ་དང་།  དེ་ལ་བརྟེན་ནས་འཛམ་གླིང་དབུ་ཁྲིད་ཚོས་བོད་དོན་ལ་རྒྱབ་སྐྱོར་གནང་བ་བརྒྱུད་བཙན་བྱོལ་ནང་བོད་མིའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་མཛད་ཐུབ་པ་བྱུང་ཡོད་སྐོར་གསུང་པ་དང་སྦྲགས་བཀའ་བློན་ཁྲི་ཟུར་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་ལ་བརྟེན་ནས་འཛམ་གླིང་སྐྱེ་བུ་མཆོག་དམང་ཀུན་གྱིས་གཙུག་ཏུ་བཀུར་བཞིན་པ་དང་། མགོན་པོ་གང་ཉིད་མཆོག་ནས་ཀྱང་ཉིན་མཚན་ལྟོས་མེད་༸སྐུ་ངལ་མཛད་ནས་ཐུན་མོང་དུ་སྤྱོད་བཞིན་པའི་འཛམ་གླིང་ས་གོ་ལ་ཧྲིལ་པོ་འདིའི་ནང་བྱམས་བརྩེ་གོང་སྤེལ་གཏོང་གནང་མཛད་བཞིན་པའི་སྐོར་དང་། ད་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གཟི་བྱིན་དང་ཐུགས་རྗེའི་ལམ་སྟོན་ལ་བརྟེན་ནས་བོད་མིའི་མ་འོངས་མདུན་ལམ་སྲ་བརྟན་ཕུགས་འཕེར་ཞིག་བསྐྲུན་ཡོད་པ།

ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བ་དང་མང་གཙོའི་ལམ་བཟང་ཐོག་ཤར་བསྐྱོད་མཛད་པ་དེས་བོད་དོན་འཐབ་རྩོད་ལ་ད་བར་ཁྱོན་ཡོངས་ནས་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཡོད་པ་མ་ཟད། འབྱུང་འགྱུར་ཡང་དུས་ཡུན་རིང་པོའི་རིང་མུ་མཐུད་ནས་བཞེངས་ཕྱོགས་དེ་ཁ་ཕྱོགས་མ་ནོར་བ་ཞིག་ཐོག་ནས་གནས་རྒྱུ་ཡིན་སྐོར་གསུང་པ་དང་སྦྲགས།   ནམ་ཞིག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་འཚོ་བཞུགས་མེད་པའི་དུས་སྐབས་འཆར་ཚེ་བོད་མི་ཚོའི་གནས་སྟངས་ཇི་འདྲ་ཞིག་ཏུ་གྱུར་མིན་ཐད་སེམས་འཚབ་གནང་བ་དང་སྦྲགས་རིན་པོ་ཆེ་མཆོག་གིས་གསུང་དོན།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཚོར་༸ཞལ་བཞེས་བཟང་པོ་མཛད་པ་ལྟར། མགོན་པོ་གང་ཉིད་མཆོག་དུས་ཡུན་རིང་པོའི་བར་སྐུ་འཚོ་བཞུགས་མཛད་རྒྱུ་ངེས་པ་རེད།  འོན་ཀྱང་ནམ་ཞིག་༸གོང་ས་མཆོག་༸སྐུ་འཚོ་བཞུགས་མེད་པའི་དུས་སྐབས་ཤིག་འཆར་ཚེ་བོད་མི་ཚོར་ཆེས་མུན་ནག་གི་དུས་སྐབས་ཤིག་ཆགས་སྲིད།  དུས་སྐབས་དེའི་མཚམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསོལ་སྩལ་མཛད་པའི་མང་གཙོའི་སྲིད་གཞུང་འདིས་བོད་མིའི་མདུན་ལམ་སྣེ་ཁྲིད་བྱ་རྒྱུ་རེད།

ཅེས་གསུངས། ཕྱོགས་མཚུངས་རིན་པོ་ཆེ་མཆོག་གིས་ད་ལྟའི་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཀྱི་སྐད་ཡིག་ཆེད་མངགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ངན་པ་ཞིག་ཐོག་ནས་ལག་བསྟར་བྱེད་བཞིན་པར་བརྟེན་ང་ཚོས་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཐོག་ངེས་པར་དུ་ཤུགས་རྒྱག་དགོས་པ་དང་། ལྷག་པར་ཕྱི་རྒྱལ་རང་དབང་ལུང་པའི་ནང་གི་བོད་མི་ཚོས་དེའི་ཐོག་ངེས་པར་དུ་ཤུགས་རྒྱག་དགོས་སྐོར་གསུངས།  གཞན་ཡང་བཀའ་བློན་ཁྲི་ཟུར་མཆོག་གིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས་ཉིན་གསུམ་རིང་རང་གི་རྣམ་དཔྱོད་གང་ཡོད་བཏོན་ནས་གོ་བསྡུར་ལྷུག་པོ་གནང་གལ་ཆེ་སྐོར་དང་།  བསམ་འཆར་གང་སྤུངས་པ་རྣམས་འབྱུང་འགྱུར་བོད་མིའི་མི་རབས་གཞོན་པ་ཚོར་ཕན་ཐོགས་ཡོང་ངེས་ཡིན་སྐོར་གསུངས།

དེ་རྗེས་དྲིལ་བསྒྲགས་དྲུང་ཆེ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་རིན་པོ་ཆེ་མཆོག་ལ་ཐུགས་རྗེ་ཆེ་ཞུས་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ ། དེ་ནས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་མཛད་སྒོ་གྲོལ་ཡོད་པ་བཅས།།

Share with your friends










Submit