མདུན་ཤོག » Flash Mobile » གསར་གནས། »

དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་ལས་དོན་དང་འབྲེལ་བའི་ཚོགས་འདུ་ཐེངས་ལྔ་པ་དབུ་འཛུགས་གནང་བ།

Share with your friends










Submit

༢༠༡༧ ཟླ་ ༡༠ ཚེས་ ༡༣ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༣ ཉིན་རྡ་སའི་ཉེ་ཁྲིས་སུ་ཡོད་པའི་དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་རྒྱ་ཡིག་ཚན་པའི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་ལས་དོན་དང་འབྲེལ་བའི་ལོ་འཁོར་ཚོགས་འདུ་ཐེངས་ལྔ་པ་དབུ་འཛུགས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། དྲིལ་བསྒྲགས་དྲུང་ཆེའི་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས།  ནེའུ་ཡོག་གྲོང་ཁྱེར་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྐུ་ཞབས་ཞ་རྨིན་ལགས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲུང་ཆེ་ཤ་འབྲོང་བཀྲ་ཤིས་རྒྱ་མཚོ་ལགས།   ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས། ཨོ་སི་ཊོ་ལི་ཡའི་རྒྱ་རིགས་འབྲེལ་མཐུད་པ་འབའ་པ་སྐལ་བཟང་རྒྱལ་མཚན་ལགས། ཕྱི་དྲིལ་དྲུང་འཕར་ཚེ་རིང་དབྱངས་སྐྱིད་ལགས་དང་འཆི་མེད་ཚེ་དབྱངས་ལགས། ཕྱི་དྲིལ་རྒྱ་ཡིག་ཚན་པའི་འགན་འཛིན་ཤར་ཙོང་བསྟན་འཛིན་བདེ་ལྡན་ལགས།  དེ་བཞིན་ཚོགས་བཅར་བ་དང་གསར་འགོད་པ་བཅས་ཚང་འཛོམས་ཀྱི་ཐོག་མར་ཕྱི་འབྲེལ་དྲུང་ཆེས་ཚོགས་འདུ་དབུ་འཛུགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་དོན།

དེ་རིང་གི་ཚོགས་འདུའི་དགོས་པ་དང་དམིགས་ཡུལ་རྣམ་པ་ཚོས་རོབ་ཙམ་མཁྱེན་གྱི་རེད་སྙམ་གྱི་འདུག བོད་དང་རྒྱ་ནག་གཉིས་དབར་གྱི་འབྲེལ་བ་ནི་ལོ་རྒྱུས་ཐོག་ནས་ཧ་ཅང་རིང་པོ་རེད། དེ་བཞིན་རྒྱ་བོད་གཉིས་ཁྱིམ་མཚེས་བྱས་ནས་ལོ་མང་བསྡད་པ་རེད། འོན་ཀྱང་ད་ལྟའི་གནས་སྐབས་འདིར་བོད་རྒྱ་གཉིས་ཀྱི་དཀའ་རྙོག་ཧ་ཅང་གིས་ཛ་དྲག་པོ་ཞིག་ཆགས་ཡོད།

ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མཆོན་ཆེན་པོ་མཆོག་ཐོག་མར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་པའི་སྐབས་ཏེ་ཛི་པུར་དང་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་བོད་མི་རིགས་ལ་ཧ་ཅང་གིས་གདུག་རྩུབ་མནར་གཅོད་བཏང་ཡོད་ཀྱང་རྒྱ་མི་རིགས་ལ་འཁོན་འཛིན་རྩ་བ་ནས་འཛིན་གནང་མཛད་ཀྱི་མེད། བོད་རྒྱ་གཉིས་ཀྱི་དཀའ་ངལ་དེ་རྒྱ་མི་རིགས་དང་མཉམ་དུ་གྲོས་མོལ་གྱི་ལམ་ནས་གསལ་རྒྱུའི་ཡིད་ཆེས་མཛད་ཡོད། མ་འོངས་པར་བོད་རྒྱ་གཉིས་ཀྱི་མི་རིགས་དེ་འཆམ་མཐུན་ངང་མཉམ་གནས་ཐུབ་རྒྱུ་གལ་གནད་ཆེན་པོ་ཞིག་ཡིན་སྐོར་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཕྱི་ལོ་ ༡༩༥༩ ནས་བཀའ་སློབ་སྩལ་ཡོད།

དེ་ནས་བཟུང་བཙན་བྱོལ་ནང་ལ་ལས་ཁུངས་དང་སྒྲིག་འཛུགས་ཁག་མང་པོ་ཞིག་བཙུགས་ཡོད་ནའང་བཙན་བྱོལ་ནང་ལ་རྒྱ་སྐད་ཤེས་མཁན་མེད་པའི་ཆ་ནས་ཕྱི་དྲིལ་ལས་ཁུངས་ནང་ལ་རྒྱ་ཡིག་ཚན་པ་འཛུགས་མ་ཐུབ་པ་རེད།  དེ་ནས་ཕྱི་ལོ་ ༡༩༨༠ ནང་ལ་བོད་ནས་ཕེབས་མཁན་མང་པོ་བྱུང་བ་དང་། རྒྱ་སྐད་ཤེས་མཁན་ཁ་ཤས་ཤིག་ཡོད་པའི་ཆ་ནས་ཕྱི་དྲིལ་ལས་ཁུངས་ལ་རྒྱ་སྐད་ཤེས་མཁན་ཁག་གཅིག་བཅུག་ནས་རྒྱ་མིའི་གསར་འགོད་པ་དེ་འདྲ་རྡ་སར་སླེབས་པ་ཡིན་ན། སྐད་སྒྱུར་དང་བོད་ནང་གི་གནས་ཚུལ་མང་པོ་ཞིག་རྒྱ་ཡིག་ནང་ཡོད་པ་དེ་བོད་ཡིག་ཐོག་སྒྱུར་རྒྱུ་སོགས་ཀྱི་ཕྱག་ལས་གནང་ཡོད།

དེ་རྗེས་ཕྱི་ལོ་ ༡༩༩༤ ལོར་ཕྱི་དྲིལ་ལས་ཁུངས་ནང་རྒྱ་ཡིག་ཚན་པ་དེ་ཐོག་མར་བཙུགས་པ་དང་དེའི་འགན་འཛིན་དེ་ཟླ་བ་ཚེ་རིང་ལགས་བསྐོ་གཞག་གནང་བ་རེད།   དེ་ནས་བཟུང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་རྒྱ་ཡིག་ཚན་པ་བཙུགས་ནས་ལས་འགུལ་མང་དག་ཅིག་སྤེལ་ཡོད།  ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན།

ང་ཚོས་རྒྱ་རིགས་དང་མཉམ་དུ་འབྲེལ་བ་བྱ་རྒྱུ་གལ་ཆེའི་ནང་གི་དོན་ཆེར་བརྩི་བཞིན་ཡོད། ང་ཚོའི་བདེན་པ་དེ་རྒྱ་མི་དང་མཉམ་དུ་སྐད་ཆ་བཤད་ནས་གསལ་ཐུབ་པ་དགོས་ཀྱི་ཡོད། ང་ཚོས་རྒྱལ་སྤྱིའི་ཐོག་ལ་གང་མང་སྙོབ་ཐབས་བྱེད་དགོས་ཀྱི་ཡོད་སྟབས། དོན་གཅོད་ཁག་ནང་རྒྱ་རིགས་འབྲེལ་མཐུད་པ་ཡོད།     ཐེ་ལྦན་དོན་གཅོད་ནས་ཟུར་དུ་དེའི་ཐོག་དམིགས་བསལ་འབད་བརྩོན་གནང་གི་ཡོད།   གང་ལྟར་རྒྱ་རིགས་འབྲེལ་མཐུད་པ་རྣམས་ཀྱིས་གང་ཐུབ་ཅི་ཐུབ་གནང་བཞིན་ཡོད། ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཚོགས་བཅར་བ་མང་དུ་བཏང་ནས་ལུང་པ་འདྲ་མིན་ནས་ཚོགས་བཅར་བ་བཅུ་ཙམ་བསླེབ་དགོས་ཀྱི་འདུག་ཅེས་ཚོགས་བཅར་བ་ལྔ་བཅུ་ཙམ་ཕེབས་ནས་མཐུན་རྐྱེན་ཚང་མ་སྦྱར་ཏེ་ཚོགས་འདུ་ཚོགས་ནས་གོ་རྟོགས་ཆ་ཚང་སྤེལ་ཐུབ་པ་ཡིན་ན།   ཚོགས་བཅར་བ་ལྔ་བཅུ་བརྒྱུད་ནས་རྒྱ་མི་མང་པོར་བསྙབ་ཐུབ་པ་བྱེད་རྒྱུའི་འབད་བརྩོན་བྱེད་དགོས་འདུག འབྲེལ་མཐུད་པ་རྣམས་ལའང་ཕྱག་རོགས་གནང་མཁན་ས་གནས་ས་ཐོག་ནས་ཕན་ཐོགས་ཡོང་གི་རེད་ཅེས་ང་ཚོས་མང་དུ་གཏོང་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད།

གཞི་རྩའི་ཚོགས་འདུ་དང་ཟབ་སྦྱོང་དེ་འདྲ་བ་མུ་མཐུད་ཚོགས་རྒྱུ་ཡིན་སྟབས། རྣམ་པ་ཚོ་བརྒྱུད་ནས་ས་གནས་ས་ཐོག་ཏུ་ཕེབས་པའི་རྗེས་མ་འོངས་པར་ཚོགས་འདུ་གང་དུ་ཚོགས་པ་ཡིན་ནའང་ཕེབས་དགོས་ཀྱི་འདུག ལྷག་པར་གཞོན་སྐྱེས་རྒྱ་སྐད་ཤེས་མཁན་དེ་འདྲར་ད་ལྟ་ནས་འབྲེལ་བ་གནང་སྟེ་གྲ་སྒྲིག་གནང་རོགས་གནང་། ང་ཚོའི་དེ་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་མ་གཏོགས་ཆུང་དུ་གཏོང་རྒྱུའི་འཆར་གཞི་མེད།

ང་ཚོས་རྒྱ་མི་དང་མཉམ་དུ་འབྲེལ་བ་བྱེད་དགོས་ཀྱི་ཡོད་སྟབས།  རྒྱ་སྐད་ཤེས་མཁན་དགོས་ཀྱི་འདུག  རྒྱ་མི་དང་མཉམ་དུ་སྐད་ཆ་ཤོད་མཁན་ཚོར་གྲ་སྒྲིག་དང་ཟབ་སྦྱོང་ཡག་པོ་སྤྲད་དེ་འགྲོ་དགོས་ཀྱི་འདུག་མ་གཏོགས་རྒྱ་མི་དང་མཉམ་དུ་སྐད་ཆ་བཤད་དེ་བགྲོ་གླེང་བྱེད་རྒྱུ་ལས་སླ་པོ་མེད། དེར་བརྟེན་ཚང་མ་མཉམ་དུ་འཛོམས་ནས་གྲོས་བསྡུར་དང་ཟབ་སྦྱོང་ཡག་པོ་གནང་ན་མ་གཏོགས་རྒྱ་མི་ལ་སྐད་ཆ་བཤད་རྒྱུ་ལས་དཀའ་ལས་ཁག་པ་མེད། དེར་བརྟེན་གལ་ཆེ་དོན་ཆེར་བརྩི་ནས་འདིེར་ཕེབས་རོགས་ཞུ་དགོས་དོན་འདི་ཡིན།  དེ་རིང་རྣམ་པ་ཚོ་ཚང་མ་འདིར་ཕེབས་པ་ཧ་ཅང་དགའ་པོ་བྱུང་།

སྤྱི་ཡོངས་ནས་༸གོང་ས་མཆོག་དང་རྒྱ་གར་གཞུང་གི་བཀའ་དྲིན་ལ་བརྟེན་ནས་རྒྱལ་སྤྱིའི་ཐོག་ནས་ང་ཚོའི་བདེན་པར་ནུས་པ་གང་ཙམ་ཐོན་ཡོད་རེད། གཙོ་ཆེ་ཤོས་ང་ཚོས་གདོང་ལེན་བྱ་རྒྱུ་རྒྱ་རིགས་ཡིན་སྟབས།  རྣམ་པ་ཚོ་འདིར་ཕེབས་ཞོར་དུ་ངེས་པར་དུ་གལ་ཆེན་པོར་བརྩི་རོགས་གནང་།

དེ་ནས་རྒྱ་ནག་དང་འབྲེལ་བའི་གནས་ཚུལ་གསར་པ་དང་རྩོམ་ཡིག་གསར་པ་དེ་འདྲ་ཡོད་ན། ངེས་པར་དུ་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱ་ཡིག་ཚན་པའམ་ཡང་ན་རྒྱ་ཡིག་འབྲེལ་མཐུད་པར་ངེས་པར་དུ་གཏོང་རོགས།   ཕྱི་དྲིལ་དྲ་རྒྱ་སོགས་ཀྱི་ནང་ཕྱོགས་སྒྲིག་བྱ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད།  མ་འོངས་པར་བོད་དོན་དང་འབྲེལ་བའི་སྐོར་ཞིབ་འཇུག་བྱེད་པ་ཡིན་ན།   གནས་ཚུལ་དེ་དག་དྲ་རྒྱའི་ནང་བཞག་ཡོད་སྟབས་ཞིབ་འཇུག་བྱེད་མཁན་ཚང་མར་ཕན་ཐོགས་ཡོང་ངེས།  ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་ཚོགས་བཅར་བའི་དྲི་བ་ཁག་ལ་ལན་འདེབས་གནང་ཡོད།

སྤྱིར་ཉིན་གྲངས་ལྔའི་རིང་གི་ཚོགས་འདུར་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་རྒྱ་རིགས་འབྲེལ་མཐུད་པ་དང་རྒྱ་ཡིག་ཤེས་མཁན་བཅས་ཚོགས་བཅར་བ་གྲངས་ ༤༧ ཆེད་ཕེབས་གནང་ཡོད། ཚོགས་འདུ་དེ་བཞིན་ཕྱི་ཟླ་ ༡༠ ཚེས་ ༡༣ ནས་ ༡༧ བར་ཉིན་གྲངས་ལྔའི་རིང་འཚོགས་རྒྱུ་ཡིན་འདུག་པ་བཅས། །

Share with your friends










Submit