ཟླ་བ་ ༡༠ ཚེས ༡༩ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༠ ཚེས་ ༡༩ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལྡེ་ར་ལྡུན་དུ་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གིས་མགྲོན་འབོད་ཞུས་པ་ལྟར་འབྲི་གུང་བྱང་ཆུབ་གླིང་དགོན་པར་ཕེབས་ནས་རྫོགས་པའི་སངས་རྒྱས་འབྲི་གུང་༸སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོ་བརྒྱད་བརྒྱའི་རྗེས་དྲན་མཆོད་འབུལ་ཆེན་མོའི་མཛད་སྒོར་གསུང་བཤད་གནང་ཡོད།

དེ་ཡང་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་རྣམས་བཀྲ་ཤིས་ཞོལ་པ་དང་། སེངྒེ།  སེར་སྦྲེང་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་རྗེས་སྡིངས་ཆའི་ཐོག་སྐུ་མགྲོན་རྣམས་བཞུགས་གྲལ་དུ་འཁོད་མཚམས་འབྲི་གུང་༸སྐྱབས་མགོན་འཕྲིན་ལས་ལྷུན་གྲུབ་མཆོག་དང་།   ཨུཏཐར་ཁཎྜ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཀྲིཤཎ་ཀན་པོལ་མཆོག  Governor of Uttarkhand Dr. Krishan Kant Paul  དེ་བཞིན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་བཅས་ཀྱིས་སྣང་གསལ་ཞལ་ཕྱེ་གནང་།

དེ་ནས་གྲྭ་བཙུན་ཁག་ཅིག་ནས་ལེགས་སྦྱར་སྐད་ཐོག་དཀོན་མཆོག་གསུམ་གྱི་མདོ་གསུང་འདོན་གནང་བསྟུན་ཆོས་རྗེ་ཨ་དབྱངས་རིན་པོ་ཆེ་མཆོག་གིས་དགའ་བསུའི་གསུང་བཤད་གནང་།  དེ་རྗེས་བོད་དང་ཧི་མཱ་ལ་ཡའི་ཆོས་སྡེ་ཁག་གི་འཐུས་མི་དང་། ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ ༨༠ ཙམ་གྱི་ཆོས་ཚོགས་ ༡༨༡ གི་འཐུས་མི་སྐུ་ཚབ་རེ་ནས་རྟེན་མཆོག་སྤྱན་སྔར་མེ་ཏོག་གི་མཆོད་སྤྲིན་ཕུལ་གྲུབ་བསྟུན།    མཁན་ཆེན་དཀོན་མཆོག་རྒྱལ་མཚན་མཆོག་གིས་རྫོགས་པའི་སངས་རྒྱས་༸སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོའི་རྣམ་ཐར་སྙིང་བསྡུས་དང་སྦྲགས།   སྐྱབས་རྗེ་ནུབ་པ་རིན་པོ་ཆེ་མཆོག་གིས་བརྒྱད་བརྒྱའི་རྗེས་དྲན་གྱི་བྱུང་རིམ་ངོ་སྤྲོད་གནང་། སྐབས་དེར་དཔེ་དེབ་དང་འོས་སྡེར་ཁག་ཅིག་དབུ་འབྱེད་གནང་འདུག

དེ་ནས་སྐྱབས་རྗེ་མགར་ཆེན་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན།   ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་དེ་རིང་འདི་གར་འཛམ་གླིང་ས་ཕྱོགས་འདྲ་མིན་ནས་ཕེབས་པའི་སྐུ་མགྲོན་རྣམ་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།  བོད་དུ་ནང་པ་སངས་རྒྱས་པའི་བསྟན་པ་ཐོག་མར་རྒྱ་གར་གནའ་རབས་ནང་པའི་གཙུག་ལག་སློབ་ཁང་ཆེན་མོ་དཔལ་ན་ལེནྜ་ནས་དར་ཡོད་ཅིང་།  དཔལ་ན་ལེནྜའི་གཙུག་ལག་སློབ་ཁང་དེ་ལོ་ངོ་ ༡༠༠༠ རིང་གནས་ཡོད།   འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་པ་ལ་མཚོན་ནའང་ལོ་ངོ་ ༨༠༠ རིང་གནས་ཐུབ་ཡོད་སྟབས་རྒྱ་གར་གནའ་རབས་དཔལ་ན་ལེནྜའི་གཙུག་ལག་ཁང་གི་ཡུན་ཚད་དང་ཧ་ལམ་མཉམ་པ་ཞིག་ཡིན་པ་བརྗོད་ཆོག  ལོ་ངོ་ ༨༠༠ རིང་བསྟན་པ་འདི་ཉིད་ཀྱིས་འགྲོ་བ་གྲངས་ལས་འདས་པར་ཕན་ཐོགས་དང་འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་ཡང་ཞབས་འདེགས་བསྒྲུབས་དང་སྒྲུབ་མུས་ཡིན།

དེར་བརྟེན་འབྱུང་འགྱུར་ལོ་ངོ་ ༨༠༠ རིང་འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་པ་འདི་ཉིད་མུ་མཐུད་གནས་ཐུབ་པའི་བཀྲི་ཤིས་སྨོན་འདུན་ཞུ་རྒྱུ་དང་། འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་གི་༸སྐུའི་ཕྲེང་བ་བར་མ་ཆད་དུ་བྱོན་ནས་བསྟན་པའི་བྱ་བ་མུ་མཐུད་བདག་གིར་བཞེས་ཐུབ་ཆེད་བཀའ་ཤག་དང་ང་རང་སྒེར་ངོས་ནས་སྨོན་ལམ་ཤུགས་དྲག་ཞུ་རྒྱུ་ཡིན།

འབྲི་གུང་༸སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་ལ་མཚོན་ན་བྱེས་སུ་འབྲི་གུང་བཀའ་བརྒྱུད་བྱང་ཆུབ་གླིང་དགོན་པ་ཙམ་མ་ཟད། བཙུན་དགོན་དང་། སྨན་ཁང་། དེ་བཞིན་སྲོང་བཙན་དཔེ་མཛོད་ཁང་སོགས་གསར་འཛུགས་གནང་ཡོད།

མངའ་སྡེའི་སྲིད་སྐྱོང་མཆོག

ཅེས་གསུང་བཤད་གནང་བསྟུན། ཨུཏྟར་ཁཎྜ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཀྲིཤཎ་ཀན་པོལ་མཆོག་གིས་གསུང་བཤད་གནང་།

སྤྱིར་མཛད་སྒོའི་སྐུ་མགྲོན་གཙོ་བོར་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གདན་འདྲེན་ཞུས་ཀྱང་བར་ལམ་ནས་སྐུ་གཟུགས་ཕྲན་བུ་བདེ་མིན་གྱི་གནས་སྟངས་འོག་ཕེབས་མ་ཐུབ་པར་བརྟེན་བརྙན་འཕྲིན་བརྒྱུད་འཚམས་འདྲི་གནང་བ་དེ་མང་ཚོགས་རྣམས་ལ་སྐབས་དེར་གཟིགས་འབུལ་ཞུས་འདུག

དེ་ཡང་ཐེངས་འདིར་རྫོགས་པའི་སངས་རྒྱས་འབྲི་གུང་༸སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོ་བརྒྱད་བརྒྱའི་རྗེས་དྲན་མཆོད་འབུལ་ཆེན་མོའི་མཛད་སྒོ་ཕྱི་ཚེས་ ༡༩ ནས་ ༢༥ བར་འཚོགས་བཞིན་པའི་སྐབས་འདིར་ཕྱི་ནང་སྐུ་མགྲོན་དང་མང་ཚོགས་བཅས་ཁྱོན་མི་གྲངས་ ༡༠༠༠༠ ཕེབས་ཡོད་ཁོངས་ནས་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ ༨༠ ནང་རྟེན་གཞི་བྱས་པའི་ཆོས་ཚོགས་གྲངས་ ༡༨༡ ནས་འཐུས་མི་ཁྱོན་མི་གྲངས་ ༢༥༠༠ ཕེབས་འདུག་པ་བཅས།།

ཨུཏྟར་ཁཎྜ་མངའ་སྡེའི་སྐྲིད་སྐྱོང་མཆོག་དང་ལྷན།

 

 

 

 

Share with your friends










Submit