མདུན་ཤོག » Featured Mobile » Flash Mobile » གསར་གནས། » གསར་འགོད་གསལ་བསྒྲགས། » པར་རིས་གནས་ཚུལ། »

དཔལ་ལྡན་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་ལྔ་དང་ལྔ་བཅུའི་འཆར་སྣང་གི་ལྷན་ཚོགས་སྐོར་གསར་འགོད་ལྷན་ཚོགས་བསྐོང་ཚོགས་གནང་བ།

Share with your friends










Submit

༢༠༡༧ ཟླ་ ༡༠ ཚེས་ ༥ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༥ རེས་གཟའ་ཕུར་བུའི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དབུ་བཞུགས་ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་ནང་།  ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནསམ་ནོར་བུ་ལགས་དང་དྲིལ་བསྒྲགས་དྲུང་ཆེའི་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་གཙོ་སྐྱོང་འོག  ཕྱི་ནང་གི་གསར་འགོད་པ་མི་གྲངས་ ༣༠ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་གི་ལྷན་ཚོགས་སྐོར་གསར་འགོད་ལྷན་ཚོགས་བསྐོང་ཚོགས་གནང་ཡོད།

དེ་ཡང་ཐོག་མར་དྲིལ་བསྒྲགས་དྲུང་ཆེ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྐོར་ངོ་སྤྲོད་གནང་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན།  སང་ཉིན་ནས་ཉིན་གྲངས་གསུམ་རིང་ལྔ་དང་ལྔ་བཅུའི་འཆར་སྣང་དང་འབྲེལ་བའི་ལྷན་ཚོགས་ཤིག་ཚུགས་རྒྱུ་རེད།  ཚང་མས་མཁྱེན་གསལ་ལྟར་ལྔ་དང་ལྔ་བཅུ་བརྗོད་དགོས་དོན་གཙོ་བོ་ནི། དུས་རྟག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རེ་བ་བཟང་ས་ནས་རྒྱག་དགོས་པ་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་ལྟར། བོད་མིའི་སྒྲིག་འཛུགས་ནས་བོད་ཀྱི་རྩ་དོན་ཆེད་འབྱུང་འགྱུར་ལོ་ལྔའི་ནང་གང་བྱེད་དགོས་པ་དང་། གང་བྱེད་ཐུབ་པ། དེ་བཞིན་ལོ་ལྔ་བཅུའི་འཆར་གཞི་ཞིག་དགོས་པ་མཐོང་། ལོ་ལྔ་བཅུའི་རིང་ང་ཚོ་བཙན་བྱོལ་ནང་མུ་མཐུད་འཐབ་རྩོད་བྱེད་ནས་གནས་དགོས་ཀྱང་གནད་དོན་བྱེད་དགོས་པ་གཙོ་བོ་བོད་ནང་གི་གཞིས་ལུས་རྒྱ་ཅེ་མི་མང་གི་མངོན་འདོད་དེ་དག་འཚེ་མེད་ཞི་བའི་ལམ་ནས་བསྒྲུབ་ཐུབ་པ་བྱ་རྒྱུ་དེ་རེད། དེ་ལྟར་ཡོང་བར་དབུ་མའི་ལམ་གྱི་སྲིད་བྱུས་གཞི་རྩར་བཟུང་བའི་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱ་རྒྱུ་འདི་རེད། དེའི་ཆེད་དུ་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་བོད་རྒྱ་འབྲེལ་མོལ་གནང་དགོས་པ་དང་། བོད་རྒྱ་འབྲེལ་མོལ་ཡོང་བར་རྒྱལ་སྤྱི་དང་རྒྱ་གར་གཞུང་མང་གཉིས་ཀྱི་བརྒྱུད་ནས་གང་གནང་རྒྱུ་ཡོད་པ།  རྒྱ་མི་རིགས་དང་མཉམ་དུ་འབྲེལ་བ་བྱས་པ་བརྒྱུད་ནས་གནང་ཐུབ་པ་གང་ཡོད།  དེ་བཞིན་བོད་ནང་ནས་གང་གནང་ཐུབ་པ་འདུག་དེ་དག་གཞིར་བཞག་སྟེ་ང་ཚོས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་བྱས་པ་བརྒྱུད་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་ཐུབ་པ་བྱ་རྒྱུ་འདི་ང་ཚོའི་རྩ་བའི་འོས་འགན་དེ་ཆགས་ཡོད།

ཕྱོགས་མཚུངས་ང་ཚོར་ལོ་ལྔ་བཅུའི་འཆར་གཞི་ཞིག་དགོས།  བོད་མིའི་འཐབ་རྩོད་འདི་འབྱུང་འགྱུར་ལོ་ལྔ་བཅུའི་རིང་གནས་ཐུབ་པ་ཞིག་ཡོད་ན་ལྔ་བཅུའི་འཆར་གཞི་འདིས་ལྔ་ལ་ཕན་རྒྱུ་རེད། གང་ཡིན་བརྗོད་ན་རྒྱ་ནག་གཞུང་གིས་མར་བལྟ་སྐབས་ཁོ་པ་ཚོས་བོད་མིའི་རྩ་དོན་རྩོད་མཁན་གྱི་སྒྲིག་འཛུགས་འདི་ལོ་ལྔ་དྲུག་ནང་སྦོ་ལུག་རྒྱུ་རེད་བསམ་པའི་ཀུན་སློང་འདི་ཇི་སྲིད་གནས་པ་དེ་སྲིད་དུ་བོད་རྒྱ་འབྲེལ་མོལ་བྱ་དགོས་པའི་གནད་འགག་གང་ཡང་མཐོང་གི་མ་རེད། དེར་བརྟེན་ད་ལྟ་བོད་ནང་ལག་བསྟར་བྱེད་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེ་མུ་མཐུད་ནས་ཕྱིན་པ་ཡིན་ན་ནམ་ཞིག་གྲུབ་འབྲས་བཟང་པོ་ཞིག་འཐོན་རྒྱུའི་གདེང་སྤོབས་ཤིག་སླེབ་རྒྱུ་ཡིན་པ་ཆོས་ཉིད་རེད།  དེར་བརྟེན་ང་ཚོས་ལོ་ལྔ་བཅུའི་འཆར་གཞི་ཞིག་ཡོད་པ་ཡིན་ན། རྒྱ་ནག་གཞུང་ཡིན་ནའང་བོད་མིའི་སྒྲིག་འཛུགས་དང་བོད་མི་རྣམས་ལས་སླ་པོ་ཞིག་རེད་མིན་འདུག  ཁོང་ཚོར་ལོ་ལྔ་བཅུའི་འཆར་གཞི་འདུག  འཐབ་རྩོད་དེ་ལོ་ལྔ་བཅུ་རིང་མུ་མཐུད་ནས་གནས་རྒྱུ་རེད་འདུག  དེ་ལས་ང་ཚོས་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་དེ་གསལ་བ་ཡིན་ན་ཡག་ཤོས་སུ་ཡོང་བ་འདུག  ཅེས་གཉིས་སྨན་གྱི་བསམ་བློ་འཁོར་ཆེད་ཡིན།

དེར་བརྟེན་བོད་མིའི་སྒྲིག་འཛུགས་དང་བོད་ཀྱི་རྩ་དོན་ལོ་ལྔ་བཅུ་གནས་རྒྱུ་རེད་བརྗོད་སྐབས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་སེམས་ཤུགས་དང་ལྷག་བསམ། ཆིག་སྒྲིལ་ཡང་འདུ་ཤེས་དེར་རག་ལུས་ཡོད།  གཙོ་ཆེ་ཤོས་ནི་བོད་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་འདི་ཆགས་ཡོད། མི་རིགས་ཀྱི་ངོ་བོ་བརྗོད་སྐབས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་རེད། དེ་དག་ཧ་ལས་པའི་གལ་ཆེན་པོ་རེད།  དེའི་ཐོག་དེང་དུས་ཤེས་ཡོན་ཡར་རྒྱས་གཏོང་དགོས་པ།  བོད་མི་ས་ཡ་དྲུག་སོ་སོའི་རྐང་པའི་སྟེང་ལངས་ཐུབ་པའི་ཐོག་ནས་རང་རང་སོ་སོའི་ནུས་པ་དང་འཇོན་ཐང་ཡོངས་རྫོགས་འདོན་ཐུབ་པ།  དེའི་ཐོག་རྒྱལ་སྤྱིའི་རྒྱབ་སྐྱོར་ཡོད་པ་རྣམས་མུ་མཐུད་སྲ་བརྟན་གནས་ཐུབ་པ་ཙམ་མ་ཟད།  ནུས་པ་རིམ་བཞིན་གོང་འཕེལ་གཏོང་རྒྱུ་དེ་རེད།

དེ་ནས་རྒྱ་གར་ནང་ད་བར་རྒྱ་གར་གཞུང་མང་གཉིས་ལས་ལྷག་ང་ཚོར་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་གནང་མཁན་བྱུང་མེད་སྟབས་རོགས་རམ་དེ་དག་མུ་མཐུད་ནས་གནས་རྒྱུ་དང་། བཙན་བྱོལ་ནང་ང་ཚོ་ཚང་མས་ཆོལ་ཁ་དབྱེར་མེད་དང་ཆོས་ལུགས་རིས་མེད། ཕོ་མོ་འདྲ་མཉམ་ཐོག་ནས་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་བོད་གཞིས་བྱེས་བོད་རིགས་ནང་ཁུལ་འབྲེལ་ལམ་མུ་མཐུད་རྒྱུན་གནས་ཐུབ་པ་བཅས་རེད། དམིགས་ཡུལ་དེ་དག་བསྒྲུབ་པར་ང་ཚོར་འཆར་གཞི་དགོས།  དམིགས་ཡུལ་དེར་ང་ཚོས་ལྔ་དང་ལྔ་བཅུའི་འཆར་སྣང་། ཞེས་འབོད་བཞིན་ཡོད།

ཐེངས་འདིར་ལྔ་དང་ལྔ་བཅུའི་ལྷན་ཚོགས་སྐབས་ཕྱི་ནང་ནས་གནད་ཡོད་མི་སྣ་མང་དག་ཅིག་ཕེབས་ཀྱི་ཡོད།  ཁོང་རྣམ་པར་དགོངས་ཚུལ་ཇི་ཡོད་སྦས་གསང་རྩ་བ་ཉིད་ནས་མེད་པར་ཞལ་གསང་པོའི་ཐོག་ནས་གསུང་རོགས་གནང་། ཞེས་ཞུ་རྒྱུ་བྱུང་། ཚོགས་བཅར་བའི་ཁྲོད་གནད་ཡོད་མི་སྣ་ཁག་གཅིག་རྒྱ་གར་དང་ཨ་རིའི་སྲིད་གཞུང་ལ་ལམ་སྟོན་ཞུ་མཁན་གནད་ཡོད་མི་སྣ་ཆགས་ཡོད་སྟབས། རྒྱལ་སྤྱིའི་གནད་དོན་ཐོག་ལའང་རྒྱུས་མངའ་ཧ་ཅང་ཡག་པོ་ཡོད་མཁན་རེད།  ཁོང་རྣམ་པའི་དགོངས་ཚུལ་གསུང་པ་དེ་དག་ནས་ང་ཚོས་ལྔ་ལ་ཕན་པ་གང་འདུག་ལྔ་བཅུར་ཕན་པ་གང་འདུག  དེ་དག་ཚང་མ་གང་ཐུབ་ཀྱིས་བོད་མིའི་སྒྲིག་འཛུགས་ནས་ལག་བསྟར་དོན་འཁྱོལ་ཡོང་ཐབས་སླད་འབད་བརྩོན་གང་ཡོད་བྱ་རྒྱུ་ཡིན་སྐོར་ཞུ་རྒྱུ་བྱུང་། ཞེས་གསུངས།

དེ་ནས་དྲིལ་བསྒྲགས་དྲུང་ཆེ་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་ལྔ་དང་ལྔ་བཅུའི་འཆར་སྣང་དེ་ཐོག་མར་ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢༧ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གི་དམ་འབུལ་མཛད་སྒོའི་ཐོག་མང་ཚོགས་ལ་གསལ་བསྒྲགས་གནང་ཡོད་སྐོར་དང་།   ལྔ་དང་ལྔ་བཅུའི་འཆར་སྣང་ཁྲོད་ཆབ་སྲིད་དང་འབྲེལ་བའི་གནད་དོན་ལག་བསྟར་ཞུ་རྒྱུ་ཕྱི་དྲིལ་ལས་ཁུངས་ཀྱི་འགན་ཆགས་ཡོད་སྟབས། ལས་ཁུངས་ནས་མཚོན་རྟགས་ཤིག་གྲ་སྒྲིག་གནང་ཡོད་སྐོར་སོགས་ངོ་སྤྲོད་གནང་བ་དང་སྦྲགས། དྲིལ་བསྒྲགས་ཀྱི་བརྙན་ཐུང་ཞིག་བཟོ་སྒྲིག་གནང་བ་དེ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུ་འབྱེད་གནང་།

དེ་ནས་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ལྔ་དང་ལྔ་བཅུའི་འཆར་སྣང་གི་ལྷན་ཚོགས་སྐོར་ངོ་སྤྲོད་གནང་སྐབས། ཐེངས་འདིར་ཉིན་གྲངས་གསུམ་གྱི་རིང་ལྷན་ཚོགས་འདི་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན་ནི་ཆབ་སྲིད་དང་འབྲེལ་བའི་ཆ་ནས་ཡིན་པ་དང་།  ལྷན་ཚོགས་འདི་ཕྱི་ཟླ་ ༡༠ ཚེས་ ༦ ནས་ ༨ བར་ཉིན་གསུམ་རིང་རྡ་ཤོད་བོད་ཁྱིམ་སློབ་གྲྭའི་ཉེ་འགྲམ་པེ་ཝི་ལི་ཡེན་ The Pavilion  ཞེས་པའི་གསོལ་མགྲོན་ཁང་ནང་ཚུགས་རྒྱུ་དང་། བརྗོད་གཞི་བཞི་ཡོད་ཅིང་།

༡༽  རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ལྷན་གཉིས་སྨན་དབུ་མའི་ལམ་གཞི་ལ་བཞག་སྟེ་ཞི་མོལ་ཡོང་ཐབས།

༢༽   རྒྱ་གར་གཙོ་བོར་གྱུར་བའི་བོད་དང་ཨེ་ཤི་ཡའི་དབར་གྱི་འབྲེལ་ལམ་དམ་ཟབ་ཇི་ལྟར་རྒྱུན་སྐྱོང་བྱེད་དགོས་པ།

༣༽   རྒྱལ་སྤྱིའི་འབྲེལ་བ་དང་བོད་དོན་ཁྱབ་སྤེལ།

༤༽   བཙན་བྱོལ་བོད་མིའི་སྒྲིག་འཛུགས་ངོས་ནས་ལྔ་དང་ལྔ་བཅུའི་འཆར་སྣང་ཐོག་ལ་འགན་ཁུར་ཇི་ལྟར་བཞེས་ཐུབ་མིན་དང་སྣེ་ཁྲིད་ཇི་ལྟར་གནང་དགོས་མིན་ཐད་བཅས་ཡིན་འདུག

སྤྱིར་འཆར་སྣང་ལྷན་ཚོགས་འདི་ཕྱི་ཟླ་ ༤ ཙམ་ནས་གྲ་སྒྲིག་གནང་ཡོད་ཅིང་། བརྗོད་གཞི་རེ་རེའི་ཐོག་གྲོས་དྲིས་པ་རེ་རེ་གདན་ཞུ་གནང་རྒྱུ་དང་།  བརྗོད་གཞི་རེ་རེའི་ཐོག་ཚོགས་བཅར་བ་ཚང་མས་གོ་བསྡུར་ལྷུགས་པོ་གནང་ནས་ཚོགས་ཆུང་ཆ་བགོས་བྱས་ནས་སླར་ཡང་ཚོགས་ཆུང་སོ་སོའི་ངོས་ནས་བསམ་འཆར་བྱུང་བ་རྣམས་ཕྱོགས་སྒྲིག་བྱ་རྒྱུ་དང་།  ཕྱི་ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྔ་དང་ལྔ་བཅུའི་འཆར་སྣང་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག

ལྔ་དང་ལྔ་བཅུའི་འཆར་སྣང་གི་གློག་བརྙན་ལ་གཟིགས་བཞིན་པ།

ཚོགས་བཅར་བ་མི་གྲངས་ ༡༨༤ ཡོད་པ་དང་། གལ་ཆེ་ཤོས་དེར་བོད་རིགས་མིན་པའི་ཚོགས་བཅར་བ་མི་གྲངས་ ༨༢ ཡོད་འདུག  བོད་རིགས་གྲངས་ ༤༢ ཡོད་འདུག  ཁྱོན་བསྡོམས་ཕྱི་ནས་ཕེབས་མཁན་ཚོགས་བཅར་བ་གྲངས་ ༡༢༤ དང་། བོད་རིགས་ནང་ནས་བཀའ་ཟུར་རྣམ་པ་དང་། སྐུ་ཚབ་དོན་གཅོད་རྣམ་པ།  རྒྱུན་དུ་བོད་དོན་ཐོག་ཉམས་ཞིབ་གནང་མཁན་བོད་རིགས་ཁག་གཅིག་བཅས་ཡིན་འདུག  དརྨ་ཤཱ་ལ་ནས་བཀའ་བློན་རྣམ་པ་དང་དྲུང་ཆེ་རྣམ་པ་བཅས་ཕེབས་རྒྱུ་ཡིན་འདུག  ཐེངས་འདིར་ལྷན་ཚོགས་སྐབས་རྒྱལ་ཁབ་མི་འདྲ་བ་ ༢༡ ནས་ཚོགས་འདུར་མཉམ་ཞུགས་གནང་གི་ཡོད་འདུག  ལྷན་ཚོགས་འདི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཞིག་ཆགས་མེད་སྐོར་སོགས་འགྲེལ་བཤད་གནང་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལྔ་དང་ལྔ་བཅུའི་འཆར་སྣང་དང་མ་འོངས་བོད་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་སྲ་བརྟན་ཇི་ལྟར་གཏང་དགོས་མིན་ཐད་གསུང་བཤད་གནང་མཐར་གསར་འགོད་པའི་དྲི་བར་ལན་འདེབས་གནང་ནས་གསར་འགོད་ལྷན་ཚོགས་གྲོལ་ཡོད་པ་བཅས།།

Share with your friends










Submit