ཟླ་བ་ ༡༠ ཚེས ༢༦ ༢༠༡༧
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༢༦ རེས་གཟའ་ཕུར་བུ།


༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༢༥ ཉིན་གྱི་དགོང་མོར་ཐེ་ཝན་རྒྱལ་ས་ཐེ་པེར། བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་ནས་གོ་སྒྲིག་གནང་བའི་ཟླ་རེའི་ལྷག་དཀར་སྲུང་བརྩིའི་གསུང་བཤད་ལས་རིམ་སྐབས། ཐེ་ཝན་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་བོད་ཀྱི་སྐད་ཡིག་གི་ལོ་རྒྱུས་སྐོར་གསུང་བཤད་གནང་དོན། བོད་ཀྱི་དཔལ་ཡོན་ནི་བོད་ཡིག་ཐོག་བརྟེན་ཡོད། གལ་ཏེ་བོད་ཡིག་མེད་པ་ཆགས་ན་བོད་ཀྱི་དཔལ་ཡོན་ཡང་རང་བཞིན་གྱིས་བརླག་འགྲོ་བ་དང་། གལ་ཏེ་བོད་ཡིག་འདི་ཕན་ཚུན་སྐད་ཆ་གོ་བརྡ་སྤྲོད་ཆེད་ཙམ་ཞིག་ལ་ངོས་འཛིན་བྱས་པ་ཡིན་ན་ནོར་འཁྲུལ་ཡིན་པ་དང་། ང་ཚོས་དུས་རྟག་ཏུ་བོད་ཡིག་སྲུང་སྐྱོབ་བྱེད་དགོས་རེད་ཅེས་ཞུ་བཞིན་པའི་རྒྱུ་མཚན་ནི། བོད་ཀྱི་སྐད་ཡིག་ནང་གནས་པའི་བོད་ཀྱི་ཆོས་དང་རིག་གཞུང་། དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་བོད་བརྒྱུད་ནང་བསྟན་གྱི་རིག་གཞུང་དེ་འཛམ་གླིང་ཐོག་ད་ཆ་བོད་གཅིག་པུ་མ་གཏོགས་མེད་པ་དེ་འགྲོ་བ་མིའི་རིག་གཞུང་གི་ཆ་ཤས་གལ་ཆེན་པོ་ཞིག་ཡིན་པ་དེ་སྲུང་སྐྱོབ་བྱེད་ཀྱི་ཡོད།


གལ་ཏེ་བོད་ཀྱི་ཆོས་དང་རིག་གཞུང་ཆ་ཚང་བརླག་སོང་བ་དང་། བོད་ཀྱི་སྐད་ཡིག་དེ་སྤྱིར་བཏང་གི་སྐད་ཡིག་དང་གཅིག་མཚུངས་ཆགས་ན། བོད་ཀྱི་སྐད་ཡིག་དེར་དམིགས་བསལ་གྱི་རིན་ཐང་གང་ཡང་མེད་པ་ཆགས་ཀྱི་ཡོད། ཐེ་ཝན་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཡཱུ་མེ་ནུའི་དྲུང་ཡིག་སྲས་མོ་ལིའུ་དབྱིང་ཁྲུན། བོད་མིང་ལ་ཤེས་རབ་བཟང་མོ་ཞུ་བས། དོ་བདག་རང་ཉིད་ནས་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ཡིག་སྦྱང་བརྩོན་གནང་བའི་སྒེར་གྱི་ཉམས་མྱོང་སྐོར་དང་། བོད་ཡིག་སྦྱོང་བརྡར་བྱེད་པའི་ཐབས་ལམ་དང་བརྒྱུད་རིམ་སྐོར་ངོ་སྤྲོད་གནང་། བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་རྒྱུན་ལས་སྲས་མོ་ལིན་ཤིན་དབྱི་ནས་སྤྱིར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་འཐབ་རྩོད་སྐོར་དང་། སྒོས་སུ་རྒྱ་ནག་གཞུང་ལ་བོད་ཀྱི་སྐད་ཡིག་བདག་དབང་ཆེད་ཞུ་གཏུག་གནང་མཁན་བོད་མདོ་ཁམས་ཡུལ་ཤུལ་ཁུལ་གྱི་བོད་མི་བཀྲིས་དབང་ཕྱུག་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པའི་གནད་དོན་སྐོར་ངོ་སྤྲོད་གནང་། སྐབས་འདིའི་ལྷག་དཀར་གསུང་བཤད་ལས་རིམ་ནང་ཐེ་ཝན་མི་གྲངས་སུམ་ཅུ་ལྷག་མཉམ་ཞུགས་གནང་ཡོད་པ་དང་། གསུང་བཤད་རྗེས། སྤྱིར་བོད་ཀྱི་གནད་དོན་དང་། སྒོས་སུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་གནད་དོན་སྐོར་དྲིས་བ་དྲི་ལན་ཆུ་ཚོད་ཕྱེད་ཙམ་ཡང་གནང་ཡོད་པ་བཅས།།

Share with your friends










Submit