མདུན་ཤོག » Flash Mobile » གསར་གནས། »

ཆོལ་ཁ་དང་ཆོས་ལུགས་འཐེན་འཁྱེར་ནི་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་ཉམ་དམས་སུ་གཏོང་མཁན་སྐྲན་ནད་ལྟ་བུ་ཡིན་སྟབས་ཡིད་གཟབ་གནང་དགོས།

Share with your friends










Submit

༢༠༡༧ ཟླ་ ༡༠ ཚེས་ ༩ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༩ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྡ་ས་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་།  དམིགས་བསལ་སྐུ་མགྲོན་རྫོང་དཔོན་སི་པི་ལྦར་མ་ C.P Verma མཆོག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ།  ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སེར་སྐྱ་མང་ཚོགས་བཅས་ཚང་འཛོམས་ཀྱི་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་ཚང་མ་སྐུ་བཞེངས་ཐོག་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་རྗེས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་གཅེས་པའི་ལུས་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་པ་རྣམས་ཀྱི་ཆེད་དུ་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་རིང་ཞུས་བསྟུན་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་གྲུབ་མཚམས་སྐུ་མགྲོན་རྣམ་པས་དབུས་མི་མང་རྣམས་ལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། 

དེ་ནས་རྡ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་ཀྱིས་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུས་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། སྤྱིར་རྡ་རམ་ས་ལ་ཡར་རྒྱས་འགྲོ་བ་འདི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་དང་། དེ་རིང་ས་གནས་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་མཛད་སྒོ་གྲ་སྒྲིག་ཧ་ཅང་ཡག་པོ་གནང་འདུག དུས་རྒྱུན་གཞུང་འབྲེལ་མཛད་སྒོའི་སྐབས་མི་མང་ག་ཚོད་ཡོང་མིན་ཐེ་ཚོམ་ཏོག་ཙམ་ཡོད་ནའང་རྡ་སའི་མི་མང་རྣམས་ལ་སོ་སོའི་གཞིས་ཆགས་ཀྱི་ཞེན་འཁོག་ཆེན་པོ་ཡོད་པའི་བཟོ་འདྲ་འདུག གང་ལ་ཞེ་ན་དེ་རིང་མི་མང་ཧ་ཅང་མང་པོ་འཛོམས་འདུག 

སྤྱིར་སྟངས་འཛོམས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ལོ་གཅིག་ལ་གཞུང་འབྲེལ་མཛད་སྒོ་ཐེངས་བཞི་ཡོད་པ་དེ་དག་ལ་མི་མང་མང་པོ་འཛོམས་ཐུབ་པ་ཡིན་ན་ང་ཚོས་རྒྱ་ནག་ལའང་བརྡ་ལན་སྤྲོད་བཞིན་ཡོད། གཞུང་འབྲེལ་མཛད་སྒོའི་སྐབས་མི་མང་ཧ་ཅང་མང་པོ་འཛོམས་དུས་ལོ་དྲུག་ཅུའི་རྗེས་ལ་ཡིན་ནའང་ང་ཚོའི་རྩ་དོན་ཐོག་སེམས་ཤུགས་དང་འགན་འཁྱེར་ཐུབ་ཀྱི་ཡོད་ཅེས་འགྲེམས་སྤེལ་བྱེད་ཀྱི་ཡོད། བོད་ནང་ལ་ཡིན་ནའང་བརྡ་ལན་སྤྲོད་བཞིན་ཡོད། བོད་ནང་ལ་བོད་མི་ཚོས་སོ་སོའི་སེམས་ཤུགས་དང་སྙིང་སྟོབས་ཡོད་པའི་ཐོག་ནས་བོད་མི་ ༡༤༩ ཙམ་གྱིས་རང་ལུས་མེར་སྲེག་བཏང་ཡོད། ད་ལྟ་ཡིན་ནའང་བཙོན་ཁང་ནང་ལ་ཆབ་སྲིད་བཙོན་པ་མང་དག་ཅིག་ལ་ཉེས་རྡུང་བཏང་དང་གཏོང་མུས་རེད། དཀའ་ངལ་མྱངས་དང་མྱོང་བཞིན་པ་རེད། འདི་དང་འབྲེལ་བའི་མཛད་སྒོ་སྲུང་བརྩི་བྱེད་པའི་སྐབས་ལ་མི་མང་གང་མང་འཛོམས་ན་བོད་ནང་ལ་ཡོད་པའི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེ་ཡོད། རྡོག་རྩ་གཅིག་སྒྲིལ་ཡིན། ཕྱར་གྲུ་མཉམ་འདེགས་བྱེད་ཀྱི་ཡིན་ཞེས་པའི་བརྡ་ལན་སྤྲོད་ཀྱི་ཡོད་སྟབས། དུས་རྟག་ཏུ་མི་མང་གང་མང་འཛོམས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། 

དེ་བཞིན་ང་ཚོར་བཀའ་དྲིན་ཆེ་ཤོས་རྒྱ་གར་གཞུང་མང་གཉིས་རེད། བོད་རྩ་དོན་ཆེད་དུ་རྒྱ་གར་གཞུང་དང་མི་མང་ལས་ལྷག་པའི་བཀའ་དྲིན་ཆེ་བ་འཛམ་གླིང་འདིའི་ནང་མེད་པ་ང་ཚོས་ནམ་ཡང་བརྗེད་རྒྱུ་མེད། གང་ལ་ཞེ་ན། བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མི་མི་འབོར་མང་ཤོས་རྒྱ་གར་ནང་ཡོད། ཆོས་བརྒྱུད་བཞི་དང་གཡུང་དྲུང་བོན་བཅས་ཀྱི་གདན་ས་ཁག་རྒྱ་གར་ལ་ཡོད། གཙོ་ཆེ་ཤོས་༸གོང་ས་མཆོག་ཡིན་ནའང་རྒྱ་གར་ནང་བཞུགས་ཡོད་སྟབས་རྒྱ་གར་གཞུང་མང་གཉིས་ལས་ལྷག་བཀའ་དྲིན་ཆེ་བ་མེད། དེ་ནས་དམིགས་བསལ་ཧི་མཱ་ཅལ་མངའ་སྡེ་གཞུང་ནི་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པར་བརྟེན་ས་གནས་མི་མང་དང་ལྷན་མཐུན་སྒྲིལ་དང་འབྲེལ་ལམ་བཟང་པོ་འཇོག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ད་ལྟ་ང་ཚོ་སྡོད་སའི་ས་ཆ་དེ་རྒྱ་གར་གྱིས་ང་ཚོར་གཡར་བ་ཞིག་རེད་མ་གཏོགས་ང་ཚོའི་མ་རེད། དེར་བརྟེན་རྒྱ་གར་མི་མང་དང་ལྷན་འབྲེལ་ལམ་དང་མཐུན་སྒྲིལ་ཡག་པོ་བྱེད་དགོས། 

དེ་ནས་ང་ཚོ་རྡོག་རྩ་གཅིག་སྒྲིལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༥༩ ལོར་མ་སུ་རིར་བོད་པ་ཚོར་བཀའ་སློབ་ཐོག་མར་དེ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་རེད། བོད་ཀྱི་ལུང་པ་ཤོར་ཚར་བ་རེད། ང་དབུས་གཙང་ཡིན། ཁོ་མདོ་སྨད་རེད། ཅེས་ཟེར་བའི་དུས་ཚོད་ཡོལ་ཟིན་པ་རེད། ང་ཚོ་བོད་པ་ཡིན་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་རེད་མ་གཏོགས་ད་དུང་ཆོལ་ཁའི་འཐེན་འཁྱེར་བྱེད་པ་ཡིན་ན། ནང་ཁུལ་མ་འཆམ་པ་དང་། ནུས་པ་ཉམས་འགྲོ་གི་རེད་ཅེས་ཕྱི་ལོ་ ༡༩༥༩ ཟླ་ ༡༢ ནང་ལ་བཀའ་སློབ་ཐོག་མར་འདི་ལྟར་སྩལ་འདུག གང་ལྟར་ལོ་ངོ་དྲུག་ཅུའི་རིང་གཅིག་སྒྲིལ་བྱེད་དགོས།  ཆོལ་ཁ་དང་ཆོས་ལུགས་འཐེན་འཁྱེར་བྱེད་རྒྱུ་མེད་པའི་བཀའ་སློབ་ཕེབས་ཡོད། ད་དུང་ང་ཚོའི་སྤྱི་ཚོགས་ནང་ལ་ཆོལ་ཁ་འཐེན་འཁྱེར་བྱེད་མཁན་ཡོང་བཞིན་འདུག ཉེ་ཆར་འོས་བསྡུའི་སྐབས་ལ་གནས་ཚུལ་བྱུང་བ་རེད། འཇོན་ཐང་དང་བོད་རྩ་དོན་གྱི་ཐོག་ཕན་གྱི་ཡོད་མེད་ལ་མ་ལྟོས་པར་སོ་སོའི་ཆོལ་ཁར་ཞེན་འཁོག་བྱེད་བཞིན་འདུག གང་ལྟར་ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་མེད་པར་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། 

དེ་ནས་ཉེ་ཆར་༸གོང་ས་མཆོག་སྐུ་ངལ་གསོ་དགོས་ཀྱི་ཡོད། ༸གོང་ས་མཆོག་ང་ཚོའི་རྩ་བའི་བླ་མ་རེད། ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་རེད། དེར་བརྟེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལས་རྩ་ཆེ་བ་དང་བཀའ་དྲིན་ཆེ་བ་མེད། ང་ཚོས་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་འགྲོ་དགོས་ཅེས་ཞུ་བཞིན་ཡོད། ༸གོང་ས་མཆོག་གིས་བོད་རྒྱལ་ཁབ་ཀྱི་ཆེད་དང་། སོ་སོའི་ནང་མིར་ཕན་པ། སྒེར་ལ་ཕན་པའི་བཀའ་སློབ་གནང་གི་ཡོད། ༸གོང་ས་མཆོག་གིས་བཀའ་སློབ་གནང་བ་ཁག་ལག་བསྟར་བྱེད་པ་ཡིན་ན་སོ་སོ་སྒེར་ལའང་ཕན་གྱི་ཡོད། དེང་སང་སྤྱི་ཚོགས་ནང་ལ་༸གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཁ་ཤས་ཡོང་བཞིན་འདུག ཧ་ཅང་གིས་ཐབས་སྐྱོ་པོ་རེད། དགུང་ལོ་ལྔ་ནས་ད་ལྟ་བར་བོད་བསྟན་པ་ཆབ་སྲིད་ཀྱི་འགན་ཆ་ཚང་འཁྱེར་ནས་སྐུ་ལས་བསྐྱོན་ཡོད། ལོ་ངོ་དྲུག་ཅུའི་རིང་འཛམ་གླིང་ས་ཕྱོགས་གང་སར་ཕེབས་ཏེ་ང་ཚོ་ཚང་མ་མགོ་བོ་བཀྱག་ནས་འགྲོ་ཐུབ་པ་དེ་༧གོང་ས་མཆོག་གི་བཀའ་དྲིན་རེད། དེར་བརྟེན་༸གོང་ས་མ་ཆོག་ལ་མཚན་སྨད་ཞུ་མཁན་ལ་གདོང་ལེན་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན། 

བོད་ནང་གི་བོད་མི་ཚོས་ད་བར་སྐུ་ལས་བསྐྱོན་བཞིན་ཡོད། རང་ལུས་མེར་སྲེག་གཏོང་མཁན་གྱིས་གཙོས་པའི་རྒྱལ་གཅེས་པ་ཚོའི་བློས་བཏང་བྱས་པ་དེ་དག་ནམ་ཡང་མ་བརྗེད་པའི་ཐོག་ནས་ང་ཚོ་ཚང་མས་དཀའ་ལས་རྒྱག་དགོས། གལ་སྲིད་རྡོག་རྩ་གཅིག་སྒྲིལ་མེད་ན། བོད་ནང་གི་མངོན་འདོད་སྒྲུབ་ཐུབ་རྒྱུ་དཀའ་ལས་ཁག་པོ་རེད། དེར་བརྟེན་བོད་ནང་གི་བོད་མི་ཚོས་སྐུ་ལས་བསྐྱོན་པ་དེ་ནམ་ཡང་མ་བརྗེད་པའི་ཐོག་ནས་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་དང་བཀའ་སློབ་གནང་བ་དེ་དག་ཡིད་ལ་བཅངས་པའི་ཐོག་ནས་ལག་བསྟར་བྱེད་དེ་རྡོག་རྩ་གཅིག་སྒྲིལ་ཐོག་སྐུ་ལས་བསྐྱོན་རོགས་གནང། གལ་སྲིད་དེ་འདྲ་བྱས་པ་ཡིན་ན་ཏན་ཏན་བོད་ནང་གི་བོད་མིའི་མངོན་འདོད་དང་། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཐུབ་པ། དེ་བཞིན་གཞིས་བྱེས་བོད་མི་མཉམ་འཛོམས་ཡོང་བའི་སྨོན་ལམ་དང་། ༸གོང་ས་མཆོག་སྐུ་ཚེ་རིང་པོ་གནས་པ་དང་བོད་ཀྱི་རྩ་དོན་གང་མགྱོགས་སྒྲུབ་པ་ཤོག་ཅེས་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་བཀའ་དྲིན་མཚོན་སླད་རྫོང་དཔོན་སི་པི་ལྦར་མ་མཆོག་ལ་ཕྱག་རྟགས་འབུལ་ལམ་ཞུས་ཡོད། 

དེ་ནས་རྡ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་ཀྱིས་རྡ་ས་མི་ཡོངས་ཀྱི་ཚབ་ཞུས་ཏེ་དཔལ་ལྡན་སྲིད་སྐྱོང་མཆོག་ལ་དགའ་བསུའི་ཕྱག་རྟགས་ཕུལ་གྲུབ་མཚམས་རྡ་ས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་དབྱངས་འཛོམས་ལགས་ཀྱིས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་ལ་དགའ་བསུའི་ཕྱག་རྟགས་ཕུལ་ཡོད། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྡ་ས་ས་གནས་འགོ་འཛིན་ཟུར་པ་དང་ལས་ཐོག་བཅས་ལ་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་དང་ཕྱག་ཁྱེར་འབུལ་ལམ་ཞུས་ཡོད། 

དེ་རྗེས་རྫོང་དཔོན་སི་པི་ལྦར་མ་མཆོག་གིས་གསུང་བཤད་གནང་རྗེས་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད།
དེ་ནས་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཙམ་ལ་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་རྡ་རམ་ས་ལའི་རྣམ་པ་དྲན་ཡུལ་ནང་བསྐྱར་དུ་འཆར་བ་ཞེས་པའི་པར་རིས་འགྲེམས་སྟོན་དབུ་འབྱེད་གནང་ཡོད་པ་བཅས། ། 

Share with your friends










Submit