མདུན་ཤོག » Featured Mobile » Flash Mobile » གསར་གནས། » པར་རིས་གནས་ཚུལ། »

གཡུ་སྒྲོན་དོན་ལྡན་ལགས་ཀྱིས་བོད་མིའི་འཐབ་རྩོད་ཆེད་ད་བར་ཨ་སྒོར་ས་ཡ་བདུན་ཙམ་གནང་བར་གཟེངས་བསྟོད་རྒྱ་ཆེ་གནང་བ།

Share with your friends










Submit

༢༠༡༧ ཟླ་ ༡༠ ཚེས་ ༩ རེས་གཟའ་ཟླ་བ།

༄༅། །ཨ་རིར་བཅའ་བཞུགས་བོད་མི་གཡོ་སྒྲོན་དོན་ལྡན་ལགས་དང་ཁོང་གི་སྐུ་ཟླ་ཀེ་ཝིན་ཊོ་ནར་  Kevin Toner  ལགས་རྣམ་གཉིས་ཀྱིས་ཨི་སི་ཌེལ་ཐེབས་རྩ་ The Isdell Foundation བརྒྱུད་ནས་རྒྱ་གར་དང་བྱང་ཨ་རི།  ཡུ་རོབ། དེ་བཞིན་བོད་བཅས་ཀྱི་ནང་བོད་མིའི་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་འཐབ་རྩོད་སོགས་དང་འབྲེལ་བའི་ལས་གཞི་སྣ་མང་ཐོག་ད་བར་ཨ་སྒོར་ས་ཡ་བདུན་ཙམ་གྱི་རོགས་དངུལ་གནང་བར།    ལྔ་དང་ལྔ་བཅུའི་འཆར་སྣང་གྱི་ལྷན་ཚོགས་ཉིན་མཐའ་མའི་སྐབས་ཏེ་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༨ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཡོ་སྒྲོན་དོན་ལྡན་ལགས་ལ་གཟེངས་རྟགས་གནང་བ་བརྒྱུད་ཆེ་བསྟོད་རྒྱ་ཆེ་གནང་འདུག

སྤྱིར་ཨི་སི་ཌེལ་ཐེབས་རྩ་ The Isdell Foundation ཁང་འདི་ཉིད་སྐུ་ཞབས་ཀེ་ཝིན་ཊོ་ནར་ལགས་ཀྱིས་ཕྱི་ལོ་ ༡༩༩༤ ལོར་གསར་འཛུགས་གནང་བ་ཞིག་ཡིན་འདུག

རོགས་དངུལ་དེ་དག་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་རྒྱལ་སྤྱིའི་གླེང་སྟེགས་ཐོག་བོད་དོན་ཞུ་གཏུག་གི་ལས་གཞི་མདུན་སྐྱོད་བྱ་རྒྱུ་དང་།  དེ་བཞིན་བོད་དོན་ལས་འགུལ་གྱི་རྨང་གཞི་སྲ་བརྟན་དང་། བོད་མིའི་སྤྱི་ཚོགས་ཚགས་ཚུད། འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་ཐོག་ནས་སྒྲིག་འཛུགས་ཀྱི་ངོ་བོ་ཧྲ་ཏག་ཏག་ཡོང་རྒྱུར་དངོས་ཤུགས་བརྒྱུད་གསུམ་ནས་རླབས་ཆེན་གྱི་ཞབས་འདེགས་བསྒྲུབས་ཡོད།

བོད་མིའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་མི་དྭངས་བླངས་ཞབས་ཞུ་ཚོགས་པ། ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ། དེ་བཞིན་མ་གཅིག་བཅས་ཚོགས་པ་དེ་དག་ལ་ད་བར་གོང་གི་ཐེབས་རྩ་ཁང་ནས་མ་འཛུགས་རོགས་དངུལ་གནང་བའམ། ཡང་ན་ལས་གཞི་བྱེ་བྲག་པའི་ཐོག་རོགས་དངུལ་རྒྱབ་སྐྱོར་གནང་བ།  དེ་བཞིན་ཁག་གཅིག་ལ་སྦྱིན་བདག་གཙོ་བོའི་ཐོག་ནས་མཐུན་འགྱུར་རོགས་རམ་གནང་ཡོད།

ཕྱོགས་མཚུངས་ཐེབས་རྩ་ཁང་དེས་བོད་མིའི་ཁྲོད་དེང་དུས་གློག་བརྙན་བཟོ་བསྐྲུན་ལས་གཞིའི་ཐོག་རྒྱབ་སྐྱོར་གནང་བ་དཔེར་ན།  བོད་མིའི་གླུ་བ་ངག་དབང་ཆོས་འཕེལ་ལགས་ཀྱིས་གློག་བརྙན་བཟོ་བསྐྲུན། དེ་བཞིན་དོན་གྲུབ་དབང་ཆེན་ལགས་ཀྱི་འཇིགས་བྲལ་གློག་བརྙན་སོགས་ཡོད།

དེ་བཞིན་ལས་འགུལ་ཐོག་རྒྱབ་སྐྱོར་གནང་བར་མཚོན་ན། ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ཏུ་རྒྱལ་སྤྱིའི་ཨོ་ལམ་པིག་རྩེད་འགྲན་ཆེན་པོ་ཚོགས་རྒྱུར་ངོ་རྒོལ་ལས་འགུལ་དང་།  དེ་བཞིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཞིང་གཤེགས་དམ་པ་མཆོག་རྒྱ་ནག་གི་བཙོན་ཁང་ནས་གློད་བཀྲོལ་ཡོང་ཆེད་ལས་འགུལ་སྤེལ་བ། དེ་བཞིན་ཨ་རིའི་ནིའུ་ཡོག་ནིའུ་འཇར་སིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ནིའུ་ཡོག་ས་གནས་སུ་དཀའ་ངལ་འཕྲད་བཞིན་པའི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་ཆེད་སྤེལ་བཞིན་པའི་ལས་གཞིར་རྒྱབ་སྐྱོར་མཚོན་ཆེད་ཐེབས་རྩ་ཁང་གིས་རོགས་དངུལ་ཨ་སྒོར་ས་ཡ་གཅིག་གནང་འདུག

དེ་ཡང་སྤྱིར་སྐུ་ཞབས་ཀེ་ཝིན་ཊོ་ནར་  Kevin Toner  ལགས་ཀྱིས་ཨི་སི་ཌེལ་ཐེབས་རྩ་ The Isdell Foundation བརྒྱུད་ནས་ཕྱི་ལོ་ ༡༩༩༠ ནང་སྦར་མའི་ Burma མང་གཙོའི་ལས་འགུལ་གོང་སྤེལ་ལས་གཞིའི་ཐོག་རྒྱབ་སྐྱོར་གནང་མྱོང་ཡོད་འདུག  གཡུ་སྒྲོན་ལགས་དང་ཁོང་གི་སྐུ་ཟླ་སྐུ་ཞབས་ཀེ་ཝིན་ལགས་རྣམ་གཉིས་ནི་གཏོང་ཕོད་ཅན་ཞིག་ཡིན་པ་མ་ཟད།    རང་གིས་རོགས་རམ་གནང་བ་དེ་དག་ལྷག་བསམ་རྣམ་དག་ཐོག་ནས་ཡིན་སྟབས་རོགས་དངུལ་བཞེས་མཁན་གྱི་ཀུན་སློང་ལའང་བརྒྱ་ཆ་བརྒྱ་ཡིད་ཆེས་བློ་འགེལ་གནང་མཁན་ཞིག་ཡིན་སྟབས། ལས་གཞི་གང་སྤེལ་ཡང་ལས་ཀ་བྱེད་བདེ་ཞིང་།  རོགས་དངུལ་དེ་དག་ལ་ངོ་སོའི་རེ་བ་རྩ་བ་ནས་མི་གནང་མཁན་ཞིག་ཡིན་འདུག   གཡོ་སྒྲོན་ལགས་ལ་མཚོན་ན་རོགས་དངུལ་ཞལ་འདེབས་གནང་བ་ཙམ་མིན་པར་ལོ་ཤས་རིང་བོད་མིའི་དྭང་བླངས་ཞབས་ཞུ་ཚོགས་པ་ཐོག་མ་གསར་འཛུགས་སྐབས་འཆར་གཞི་བཟོ་འགོད་སོགས་ལས་དོན་སྣ་མང་ཐད་རོགས་རམ་རྒྱ་ཆེ་གནང་མྱོང་ཡོད།

ཕྱོགས་མཚུངས་ཁོང་གི་སྐུ་ཟླ་སྐུ་ཞབས་ཀེ་ཝིན་ཊོ་ནར་ལགས་ལ་མཚོན་ནའང་ཕྱི་ལོ་ ༢༠༡༣ ལོར་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཕྱི་མི་གནས་སྤོ་བྱ་རྒྱུའི་གཞི་རྒྱ་ཆེ་བའི་གྲོས་ཆོད་གཏན་འབེབས་གནང་སྐབས་གྲོས་ཆོད་དེའི་དོན་ཚན་ཁག་གཅིག་ནང་བོད་མི་སྐྱབས་བཅོལ་བ་ཨ་རིའི་ནང་ལེན་རྒྱུའི་གནད་དོན་འཁོད་ཡོད། གནད་དོན་དེ་དག་ཨ་རིའི་གྲོས་ཚོགས་ནང་སླེབ་ཐུབ་རྒྱུར་འཆར་གཞི་བཟོ་བཀོད་དང་ལས་དོན་གོ་རིམ་ཇི་ལྟར་སྒྲིག་ཚུལ་གྱི་ལས་དོན་ཐོག་མཐུན་འགྱུར་རོགས་རམ་གནང་མཁན་གཙོ་གྲས་ཤིག་ཡིན།

དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཟེངས་རྟགས་མཛད་སྒོའི་ཐོག་གསུང་དོན།  དེ་རིང་བོད་མིའི་སྒྲིག་འཛུགས་ནས་གཡུ་སྒྲོན་ལགས་དང་ཁོང་གི་སྐུ་ཟླ་སྐུ་ཞབས་ཀེ་ཝིན་ཊོ་ནར་ལགས།  དེ་བཞིན་ The Isdell Foundation ཐེབས་རྩ་ཁང་གིས་བྱས་རྗེས་ལ་ངོས་འཛིན་དང་འབྲེལ  གཟེངས་བསྟོད་ཀྱི་ཕྱག་འཁྱེར་ཕུལ་བར་ང་རང་ཧ་ཅང་དགའ་པོ་བྱུང་།  ངས་ཁོང་གཏན་ཞལ་རྣམ་གཉིས་ལོ་ངོ་ ༢༠ རིང་ནས་ངོ་ཤེས་ཀྱི་ཡོད།  དེར་བརྟེན་ང་རང་ཧར་ཝཌ་ཁྲིམས་ཀྱི་མཐོ་སློབ་ཏུ་ཡོད་སྐབས་བོད་དོན་རྒྱབ་སྐྱོར་གྱི་ལྷན་ཚོགས་འགའ་ཤས་གོ་སྒྲིག་ཞུ་རྒྱུར་མཐུན་འགྱུར་རོགས་རམ་གནང་བྱུང་བར་བརྟེན་དེ་རིང་གོ་སྐབས་འདི་བརྒྱུད་ངས་བོད་མི་རྒྱུ་ནོར་ལོངས་སྤྱོད་ཅན་གཞན་ཚོས་ཀྱང་གཡུ་སྒྲོན་ལགས་ལ་མིག་དཔེ་ཡར་ལྟ་གནང་དགོས་པ་དང་།  གཡུ་སྒྲོན་ལགས་ཀྱི་བྱས་རྗེས་དེས་བོད་མིའི་སྤྱི་ཚོགས་ཁྲོད་གཞན་ཕན་གཏོང་ཕོད་ཀྱི་ལས་གཞི་རྒྱ་སྐྱེད་འགྲོ་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་པའི་རེ་བ་བྱེད་བཞིན་ཡོད། ཅེས་གསུངས།

སྤྱིར་གཡུ་སྒྲོན་ལགས་ནི། ནིའུ་ཡོག་ཏུ་སྐྱེས་ཤིང་ཆུང་དུས་ལོ་ཤས་རིང་རྒྱ་གར་ནང་བཞུགས་འདུག  གཡུ་སྒྲོན་ལགས་ཀྱི་པཱ་ལགས་ལ་མཚོན་ན་ལྡི་ལི་དང་ཨ་རི་ནིའུ་ཡོག་དོན་ཁང་དུ་སྐུ་ཚབ་དོན་གཅོད་གནང་མྱོང་ཡོད་འདུག  ཕྱིས་སུ་གཡུ་སྒྲོན་ལགས་ཨ་རིའི་ཧར་ཝཌ་ཁྲིམས་ཀྱི་མཐོ་སློབ་ཏུ་སློབ་སྦྱོང་གནང་རྗེས་ནིའུ་ཡོག་མཐོ་སློབ་ནང་ཁྲིམས་ལུགས་རིག་པའི་སློབ་སྦྱོང་གནང་བ་མ་ཟད།  རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་ཡན་ལག་བྱིས་པའི་ཐོབ་ཐང་ཚོགས་པའི་ནང་ཕྱག་ལས་གནང་མྱོང་འདུག   དེ་བཞིན་བོད་ཀྱི་ཐེབས་རྩ་ཁང་དང་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་སོགས་ནང་ཕྱག་ལས་གནང་མྱོང་ཡོད་འདུག གཞན་ཡང་སྐུ་ཞབས་ཀེ་ཝིན་ཊོ་ནར་ལགས་ལ་མཚོན་ན་ཨ་ཡིར་ལེན་ཌིར་སྐྱེས་ཤིང་ཨ་རིའི་ཀོ་ལམ་བྷི་ཡ་མཐོ་སློབ་ནས་སློབ་སྦྱོང་ཐོན་པ་མ་ཟད།  ཚོང་འབྲེལ་མ་འཛུགས་ཚོགས་པ་ཨེ་རི་སི་ཊི་ཡ་ཀེ་པི་ཊལ་ Aristeia Capital ཞེས་པ་གསར་འཛུགས་གནང་འདུག    དེ་བཞིན་ཨ་རིའི་ཁེ་སང་མེད་པའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཨརཐ་ཇ་སི་ཊི་སི་ Earthjustice  ཞེས་པའི་ཚོགས་མིའི་ཁོངས་ཕྱག་ལས་གནང་མྱོང་འདུག
དེ་ཡང་གཡུ་སྒྲོན་ལགས་ཀྱིས་གཟེངས་རྟགས་བཞེས་རྗེས་གསུང་དོན།  ང་རང་བོད་མིའི་ཤ་ཁྲག་རུས་གསུམ་ལས་གྲུབ་པའི་བོད་མི་ཚད་ལྡན་ཞིག་ཏུ་སྐྱེས་པ་འདི་བསོད་ནམས་ཆེན་པོ་རེད་བསམ་པ་དྲན་བཞིན་འདུག བོད་མིར་སྐྱེས་པ་ཙམ་མ་ཟད། བོད་མིའི་རང་དབང་དང་བདེན་པའི་འཐབ་རྩོད་ཀྱི་ཆ་ཤས་ནང་ཁུར་མཉམ་ལེན་ཐོག་ནས་འགྲོ་ཐུབ་རྒྱུའི་གོ་སྐབས་ཐོབ་པ་འདི་ནི་དངོས་གནས་བསོད་ནམས་ཀྱི་གོ་སྐལ་ཞིག་ཡིན་བསམ་པ་ཚོར་བཞིན་འདུག  ལྷག་པར་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་ཧ་ཅང་ཕྱུག་པོ་ཡོད་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་འདི་ནི་ཆེས་བསོད་ནམས་ཆེན་པོ་ཡིན་པ་ཞིག་ལ་དུས་རྟག་ཏུ་ངོས་འཛིན་ཞུ་བཞིན་ཡོད།  ང་རང་སྒེར་ལ་མཚོན་ནའང་ད་ལྟའི་གནས་སྟངས་འདི་ལྟ་བུའི་ཐོག་སླེབ་ཆེད་མཐུན་རྐྱེན་དང་གོ་སྐབས་མང་པོ་ཐོབ་ཡོད། དེར་བརྟེན་ད་ཆ་བོད་མིའི་དྲང་བདེན་དང་རང་དབང་བཅས་ལ་ཞབས་འདེགས་ཕྲན་བུ་བསྒྲུབ་ཐུབ་པའི་གནས་སྟངས་འདི་ཡིད་ལ་དྲན་སྐབས་སེམས་ཤུགས་འཕར་མ་ཞིག་སྐྱེ་བཞིན་འདུག ཅེས་གསུངས།།

Share with your friends










Submit