ཟླ་བ་ ༩ ཚེས ༡ ༢༠༡༧
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡ རེས་གཟའ་པ་སངས།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ ༨ ཚེས་ ༣༡ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཐོག་ Adventure of Humanity project ཡི་འགན་འཛིན་   Richard Nilsson  ལགས་དང་། དེའི་འབྲེལ་མཐུད་པ་བྱམས་པ་ལགས། རྡ་ས་ཀུན་ཕན་ཚོགས་པའི་འགན་འཛིན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་མཇལ་འཕྲད་གནང་ཡོད།


སྐབས་དེར་ Richard Nilsson ལགས་ཀྱིས་  Adventure of Humanity project  ལས་འཆར་གྱི་སྐོར་ལ་གསུང་དོན། ལས་འཆར་དེ་ཐོག་མར་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ནེལ་སོན་མན་ཌེ་ལ་ Nelson Mandela དམ་པ་མཆོག་དང་། ཨ་རིའི་གཞས་པ་གྲགས་ཅན་མའེ་ཁལ་ཇེག་སན་ Michael Jackson  དམ་པ་ལགས་རྣམ་གཉིས་ཀྱིས་ཕྱི་ལོ་ ༡༩༩༩ ལོར་འགོ་འཛུགས་གནང་བ་དང་། ཕྱི་ལོ་ ༢༠༡༥ ནས་ Richard Nilsson   ལགས་དང་། ནེལ་སོན་མན་ཌེ་ལའི་ཚ་བོ་   HrH Chief Mandela   རྣམ་གཉིས་ཀྱིས་ལས་འཆར་དེ་མུ་མཐུད་འགན་ཁུར་བཞིན་ཡོད་པ་དང་། ལས་འཆར་དེས་འཛམ་གླིང་གང་སར་ཡོད་པའི་དགེ་རྩ་ཚོགས་པ་ཁག་འདྲ་མིན་ལ་དཔལ་འབྱོར་གྱི་མཐུན་འགྱུར་རོགས་རམ་གནང་བཞིན་ཡོད་པ་དང་ཆབས་ཅིག་ནེལ་སོན་མན་ཌེ་ལ་མཆོག་དང་།

ཨ་རིའི་གཞས་པ་གྲགས་ཅན་མའེ་ཁལ་ཇེག་སན་དམ་པ་རྣམ་གཉིས་ཀྱི་ལམ་སྟོན་བསླབ་བྱ་གཞིར་བཟུང་འཛམ་གླིང་ནང་བྱམས་པ་དང་། ཞི་བདེ། འདྲ་མཉམ། མཐུན་སྒྲིལ་སོགས་ཀྱི་ཐོག་ཁྱབ་བསྒྲགས་སྤེལ་བཞིན་ཡོད་པའི་ངོ་སྤྲོད་ཞིབ་ཕྲ་གནང་བ་དང་། ལྷག་པར་རྡ་ས་ཕེབས་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་རྒྱུའི་སྐལ་བཟང་གོ་སྐབས་ཐོབ་པ་མ་ཟད། གང་ཉིད་མཆོག་གིས་བཀའ་སློབ་ལམ་སྟོན་གནང་བར་ཧ་ཅང་དགའ་པོ་བྱུང་ཞེས་སོགས་གསུངས་སོང་།


དེ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོང་གི་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་དང་། མགོན་མེད་དབུལ་ཕོངས་དག་ལ་རོགས་སྐྱོར་གནང་བཞིན་པའི་ལས་འཆར། ལྷག་པར་རྡ་ས་ཀུན་ཕན་ཚོགས་པ་སོགས་ལ་རོགས་སྐྱོར་རླབས་ཆེན་བསྐྲུན་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་ཆབས་ཅིག་འདས་པའི་བོད་ཀྱི་ལོ་རྒྱུས་ངོ་སྤྲོད་དང་། བོད་ས་ཡོངས་རྗོགས་རྒྱ་མིས་བཙན་འཛུལ་བྱས་པ་ནས་ད་ལྟའི་བར་གྱི་གནས་བབ། མ་འོངས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་གྲོས་མོལ་གྱི་ལམ་ནས་བོད་དོན་འཐབ་རྩོད་རྒྱུན་སྐྱོང་བྱེད་བཞིན་པའི་སྐོར། དེ་བཞིན་སྤྱི་ཚོགས་ཞབས་ཞུ་བརྒྱུད་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་སྲུང་སྐྱོབ་གནང་ཐུབ་ཀྱི་ཡོད་སྟབས། སྤྱི་ཚོགས་ཞབས་ཞུ་དེའང་མི་རིགས་གཅིག་གི་འཐབ་རྩོད་ཐོག་ལ་ཧ་ཅང་གི་གལ་འགངས་ཆེན་པོ་ཡིན་པའི་སྐོར། རྒྱ་ནག་གཞུང་གིས་རྟག་ཏུ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་བོད་མིའི་ཆོས་དང་། རིག་གཞུང། སྐད་ཡིག་སོགས་རྩ་མེད་གཏོང་ཐབས་བྱེད་བཞིན་པའི་ཛ་དྲག་གནས་སྐབས་སུ་བོད་ཀྱི་ཆོས་དང་། རིག་གཞུང་། མི་རིགས་སྲུང་སྐྱོབ་སྔར་ལྷག་སྲ་བརྟན་ཡོང་སླད་ཁྱེད་དང་། ཁྱེད་ཀྱི་ཚོགས་པ་ནས་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བ་དང་། དེ་བཞིན་ཕྱིར་རྒྱལ་ཁབ་ཏུ་ཕེབས་འབྱོར་བྱུང་མཚམས་གྲོས་ཚོགས་ཀྱི་འཐུས་མི་དང་། སྒྲིག་འཛུགས་ཁག་འདྲ་མིན་གྱི་གནད་ཡོད་མི་སྣ་སོགས་མཇལ་འཕྲད་བྱུང་སྐབས་བོད་ཀྱི་གནད་དོན་གོ་རྟོགས་སྤེལ་ཏེ་རྒྱབ་སྐྱོར་ཐོབ་ཐབས་ཡོང་བའི་འབོད་སྐུལ་ཞུས་གནང་བར་སྐུ་ཞབས་ཁོང་གིས་ཞལ་བཞེས་བཟང་པོ་གནང་སོང་། དེ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཕྱག་རྟགས་འབུལ་གནང་བ་བཅས།།

 

Share with your friends










Submit