མདུན་ཤོག » Featured Mobile » Flash Mobile » གསར་གནས། » པར་རིས་གནས་ཚུལ། »

སྲིད་སྐྱོང་ལ་མཚོན་ན་དེང་དུས་ཀྱི་ཤེས་ཡོན་དང་སེམས་ཤུགས། རྣམ་དཔྱོད་ཀྱང་ཡོད་པ་ཧ་ཅང་ཡག་པོ་འདུག

Share with your friends










Submit

༢༠༡༧ ཟླ་ ༩ ཚེས་ ༡༤ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༣ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇར་མན་གྲོང་ཁྱེར་ཕེརེངྐ་ཕོཌ་ Frankfurt ནང་སྦེལ་ཇམ་དང་སུད་སི། ཧོལ་ལེན་ཌི་སོགས་ནས་བཅར་བའི་བོད་རིགས་རྣམས་ལ་བཙན་བྱོལ་བོད་མིའི་ཆབ་སྲིད་མང་གཙོའི་ལམ་བཟང་ཐོག་ཤར་བསྐྱོད་བྱེད་བཞིན་པའི་སྐོར་བཀའ་སློབ་སྩལ་དོན། དེ་ནས་བོད་སྤྱི་པའི་དོན་དག་ལ་མཚོན་ན།  ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་ངོས་ཀྱིས་ལས་ཀ་བཞག་པ་རེད།  སྐབས་དེར་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་རེད།  འོས་བསྡུ་བྱས་ནས་ཡར་སླེབ་རྒྱུའི་ལམ་སྲོལ་བཟོས་ཡོད།  དེ་ནས་བཟུང་ངོས་རང་ཕྱེད་རྒས་ཡོལ་བྱས་ནས་བསྡད་པ་ཡིན།

དེ་ནས་ཕྱི་ལོ་ ༢༠༡༡ ལོ་ནས་ངོས་ཀྱིས་རྒས་ཡོལ་ཆ་ཚང་ཞུས་པ་ཡིན།  འོས་བསྡུའི་ལམ་ནས་དབུ་ཁྲིད་ལ་བསླེབས་པའི་སྲིད་སྐྱོང་གི་ཐོག་ནས་འགན་ཆ་ཚང་བཞེས་ནས་དེ་ལྟར་འགྲོ་བཞིན་ཡོད།   ད་ལྟའི་སྲིད་སྐྱོང་ལ་མཚོན་ན། འོས་བསྡུ་བྱེད་པའི་སྐབས་དེར་གླེང་གཞི་དེ་འདྲ་ཏོག་ཙམ་བྱུང་བ་རེད།  ངོས་ནས་ཀྱང་སྐབས་དེར་བསྟན་པ་འགོ་ནས་བཤིགས་ན་ཧ་ཅང་ཐབས་སྐྱོ་པོ་རེད།  ཅེས་སྐྱོན་བརྗོད་ཀྱང་བྱ་རྒྱུ་འཁེལ་བྱུང་།

དེ་ནས་རིམ་བཞིན་ལས་ཀ་བྱེད་ནས་ཡོང་སྐབས་ཧ་ཅང་ཡག་པོ་རེད།   ཡག་ཐག་ཆོད་ཟེར་དགོས།  དེང་དུས་ཀྱི་ཤེས་ཡོན་ཡོད་པ།  དངོས་གནས་སེམས་ཤུགས་ཡོད་པ།  རྣམ་དཔྱོད་ཀྱང་ཡོད་པ།  ཧ་ཅང་ཡག་པོ་འདུག  དེ་འདྲ་ཡིན་སྟབས་མི་མང་གིས་འོས་བསྡུ་བྱས་ནས་ཡར་བསླེབས་པའི་སྲིད་སྐྱོང་ཐོག་ནས་འགན་ཆ་ཚང་བསྣོམ་བཞིན་ཡོད།  འགན་ཆ་ཚང་བསྣམ་ཟེར་ནས་ངོས་ཀྱིས་འགན་གང་ཡང་མ་འཁྱེར་བ་དེ་འདྲ་མ་རེད།

ངོས་ཀྱིས་བོད་སྤྱི་པའི་དོན་དག་བློས་བཏང་བ་རྩ་བ་ནས་མ་རེད།  དཔེར་ན། ཁ་སེང་ངོས་རང་རྒྱ་གར་བྱང་ཤར་གྷོ་ཝ་ཧ་ཊི་ Guwahati ནས་དིབ་རུ་གར་  Dibrugarh ཞེས་པའི་གྲོང་ཁྱེར་ཆུང་ཆུང་ཞིིག་ཡོད།  ཁུལ་དེར་སློབ་གྲྭ་ཞིག་ལ་ཡོང་རོགས་ཞེས་ཆེད་མངགས་རྡ་སར་ཡོང་ནས་བརྗོད་བྱུང་།  དེ་ལྟར་ཁས་ལེན་བྱས་ཡོད་སྟབས་དེ་ཉིན་གནམ་གྲུ་ཆུང་ངུ་ཞིག་ནང་ཕྱིན་པ་ཡིན།  གནམ་གཤིས་ཡག་པོ་མེད་པ་སྤྲིན་པ་མང་པོ་འཁྲིགས་འདུག  ལྷགས་པའང་ཧ་ཅང་རྒྱག་བཞིན་འདུག  དེར་བརྟེན་གནམ་གྲུ་ཧ་ཅང་དཀྲུག་བྱུང་།  དེ་རིང་འཆི་རྒྱུ་རེད་བསམ་པ་དྲན་བྱུང་།  བློའི་ཟུར་གཅིག་ལ་ངོས་རང་འཆི་རྒྱུ་མི་གཅིག་ཡིན་སྟབས་དེར་ཁྱད་གང་ཡང་མིན་འདུག  འོན་ཀྱང་བོད་མི་ས་ཡ་དྲུག་གིས་ངོས་ལ་བློ་གཏད་དང་རེ་བ་རྒྱག་བཞིན་ཡོད།  བོད་མི་དེ་དག་གང་འདྲ་དྲན་ཡོང་བསམ་ནས་སེམས་གང་ཙམ་སྐྱོ་བྱུང་།

དེར་བརྟེན་བོད་སྤྱི་པའི་དོན་དེ་ངོས་ཀྱིས་ནམ་ཡང་བརྗེད་ཐབས་མེད།  སྲིད་སྐྱོང་ངོས་ནས་ཆ་བཞག་ནའང་ལས་དོན་གལ་ཆེ་བ་དེ་འདྲའི་ཐོག་ཁོང་རང་ལ་བསམ་ཚུལ་ཡོད་པ་དེ་དག་ངོས་ལ་སྐད་ཆ་དྲིས། ངོས་ནས་ཀྱང་གོ་བསྡུར་བྱས་ནས་མཐར་ཐག་གཅོད་ཁོང་རང་གིས་བྱ་རྒྱུ་རེད།  འོན་ཀྱང་བསམ་འཆར་ལྷུགས་པོའི་ཐོག་ནས་གོ་བསྡུར་བྱེད་ནས་འགྲོ་བཞིན་ཡོད།  དེར་བརྟེན་ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱེད་ཆོག  ཅེས་སོགས་ཀྱི་བཀའ་སློབ་སྩལ།།

Share with your friends










Submit