ཟླ་བ་ ༩ ཚེས ༡༨ ༢༠༡༧
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་དང་། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་ལགས་རྣམ་གཉིས་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༨ ཚེས་ ༢༡ ནས་ཟླ་ ༩ ཚེས་ ༢ བར་རྒྱ་གར་བྱང་ཕྱོགས་ཧི་མ་ཅཱལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་སིམ་ལ་དབྱངས་ཅན་དགའ་ཚལ་གླིང་དང་། ཌོ་ལན་ཇི་བོན་གཞིས། སྤོན་ཊ་ཆོལ་གསུམ། ཀུམ་རའོ། ས་ཊོན་ཁམས་ཀཿ་ཐོག སྤུར་ཝ་ལ་ས་སྐྱ་གཞིས་ཆགས་དང་། དེ་བཞིན་རྒྱ་གར་བྱང་ཕྱོགས་ཨུ་ཏྟར་ཁཎྜ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་གཞིས་ཆགས་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་པར་གྲུབ་སྟེ་ཕྱི་ཚེས་ ༢ ཉིན་སྤྱི་འཐུས་རྣམ་པ་གཉིས་སོ་སོའི་བཞུགས་གནས་སུ་ཕེབས་འབྱོར་གནང་ཡོད་འདུག


དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༨ ཚེས་ ༢༢ ཉིན་སིམ་ལ་ས་གནས་སུ་འབྱོར་འཕྲལ་སིམ་ལ་ས་གནས་འགོ་འཛིན་བསྟན་འཛིན་ནོར་བུ་ལགས་ཀྱིས་གཙོས་འབྲེལ་ཡོད་འགན་ཁུར་བ་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་གནང་བ་དང་། དེ་བཞིན་གོང་འཁོད་གཞིས་ཆགས་གཞན་ཁག་ཏུ་ཕེབས་སྐབས་ཀྱང་ས་གནས་ཀྱི་གནད་ཡོད་མི་སྣས་གཙོས་མི་མང་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་ཡོད་འདུག


ཕྱི་ཟླ་ ༨ ཚེས་ ༢༢ ཉིན་ནས་ས་གནས་ཁག་གི་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་སིམ་ལ་ས་གནས་འགོ་འཛིན་གྱི་ཁྱབ་ཁོངས་ཁ་འཐོར་བོད་མི་གནས་ཡུལ་ན་བྷ་ཧའོ་སིའི་ (Napa House) ཉེ་འགྲམ་དང་། སྣུམ་འཁོར་འབབ་ཚུགས། (Ladakhi Mohalla) རང་བཙན་གྲོང་སྡེ་བཅས་ཀྱི་ཁ་འཐོར་བོད་མི་རྣམས་ཀྱི་སྡོད་གནས་ཁག་ལ་གཟིགས་ཞིབ་གནང་བ་དང་། དེ་ནས་རྣམ་རྒྱལ་གྲྭ་ཚང་གི་རྒས་གསོ་ཁང་དང་དེའི་ཉེ་འཁོར་བོད་མིའི་སྡོད་ཁར་ཁག་ཏུ་གཟིགས་བསྐོར་གནང་གྲུབ་མཚམས་སིམ་ལ་གཏན་སློབ་ཏུ་གཟིགས་ཞིབ་གནང་ཡོད། རིམ་བཞིན་སྤོན་ཊ་ཆོལ་གསུམ་གཞིས་ཆགས་དང་། སྤུར་ཝ་ལ་ས་སྐྱ་གཞིས་ཆགས། ཧར་པ་སྤུར་འདོད་རྒུ་གླིང་གཞིས་ཆགས་བཅས་ཀྱི་ས་གནས་འགོ་འཛིན་ལས་ཁུངས་ཁག་དང་། ས་འཐུས་ཚོགས་ཁང་། ས་གནས་སྨན་རྩིས་ཁང་། འཕྲོད་བསྟེན་སྨན་ཁང་། བཟོ་གྲྭ་དང་སློབ་གྲྭ་ཁག ས་གནས་ཀྱི་གྲོང་སྡེ་དང་ཁྱབ་ཁོངས་ཁ་འཐོར་གྲོང་སྡེ་ཁག རྒས་གསོ་ཁང་། ལྷག་པར་དུ་སྤུ་ར་ཝ་ལ་ས་སྐྱ་གཞིས་ཆགས་ནང་ཡོད་པའི་༸དཔལ་ས་སྐྱ་༸སྐྱབས་མགོན་གོང་མ་རིན་པོ་ཆེ་མཆོག་གི་ཕོ་བྲང་དང་མ་དགོན་བཤད་གྲྭ ས་གནས་ཀྱི་ཤིང་འཛུགས་ལས་གཞི། གཞན་ཡང་ས་ཊོན་ཁམས་ཀཿ་ཐོག་གཞིས་ཆགས་དང་ཀུམ་རའོ་གཞིས་ཆགས་ཀྱི་གྲོང་སྡེ་ཁག་སོགས་ལ་གཟིགས་བསྐོར་དང་། མི་མང་དང་སློབ་ཕྲུག་མཇལ་འཕྲད། ས་གནས་ཁག་གི་གནས་སྟངས་རྒྱུས་ལོན་གནང་ཡོད་པ་མ་ཟད་གོང་གསལ་གཞིས་ཆགས་ཁག་ནང་ཡོད་པའི་རིས་མེད་དགོན་སྡེ་ཁག་ལ་མཆོད་མཇལ་ཡང་ཕེབས་གནང་ཡོད་འདུག


གཟིགས་བསྐོར་ཕྱོགས་ཕེབས་སྐབས་ས་གནས་སོ་སོའི་སློབ་ཕྲུག་དང་མི་མང་གི་བསམ་ཚུལ་བསྡུ་ལེན་དང་། བཞུགས་མོལ་ཚོགས་འདུ་ཐེངས་ ༡ ཚོགས་པ་མ་ཟད་མི་མང་དང་སློབ་ཕྲུག་འདུ་འཛོམས་ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་གསུང་བཤད་ཐེངས་ ༡༢ གནང་ཡོད། ཐེངས་འདིའི་མི་མང་འདུ་འཛོམས་སྐབས་སོ་སོར། སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཀྱི་སྐོར་དང་། བོད་དོན་དང་འབྲེལ་བའི་ཆབ་སྲིད་ཀྱི་གནས་བབ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་གར་དང་རྒྱལ་སྤྱིའི་ཐོག་ལས་འགུལ་སྤེལ་ཕྱོགས། བོད་མིའི་སྒྲིག་འཛུགས་ནས་བཙན་བྱོལ་བོད་མི་སྤྱིའི་བདེ་དོན་དང་། དམིགས་བསལ་སློབ་ཕྲུག་ཚོར་སློབ་ཡོན་གྱི་མཐུན་རྐྱེན་གང་བསྐྲུན་བཞིན་པའི་སྐོར། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་ལགས་ཀྱིས་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་སྐོར་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་སྲིད་བྱུས་གཉིས་སྨན་དབུ་མའི་ལམ་གྱི་སྐོར། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར། ཕ་མས་ཕྲུ་གུ་གསོ་སྐྱོང་གནང་ཕྱོགས་དང་སློབ་སྦྱོང་སྤྲོད་ཕྱོགས། དེ་བཞིན་མ་འོངས་མདུན་ལམ་སོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད། ཕྱོགས་མཚུངས་སྤྱི་འཐུས་རྣམ་པ་གཉིས་ནས་སིམ་ལ་གཏན་སློབ་དང་། བོན་གཞིས་ཐོབ་རྒྱལ་གསར་པའི་སློབ་གྲྭ སྤོན་ཊ་སམ་བྷོ་ཊ་གཏན་སློབ། སེ་ལ་ཀུའི་བོད་ཁྱིམ་ལས་རིགས་སློབ་གཉེར་ཁང་། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ་བཅས་ཀྱི་དགེ་ལས་སློབ་ཕྲུག་རྣམས་ལ་སློབ་སྦྱོང་གི་གལ་གནད། མ་འོངས་མདུན་ལམ་དང་རང་རྐྱ་འཕེར་བའི་བསམ་བློ་དང་ཤེས་ཡོན་སོགས་ཀྱི་ཐོག་གསུང་བཤད་གནང་ཡོད་པ་མ་ཟད་དགེ་ལས་སློབ་ཕྲུག་རྣམས་ཀྱི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་འདུག


དེ་བཞིན་སློབ་ཕྲུག་དང། མི་མང་། ཁོངས་སོ་སོ་ནས་དཀའ་སེལ་མཇུག་སྐྱོང་དགོས་རིགས་སྙན་ཞུ་དང་། ཉམ་ཐག་གི་གནས་ཚུལ་རྒྱུས་ལོན་དང་དཀའ་སེལ་མཇུག་སྐྱོང་། དགོན་སྡེ་ཁག་དང་། མི་མང་། སློབ་གྲྭ་སོགས་ཀྱི་གནས་སྟངས་ཐོག་གཟིགས་ཞིབ་གནང་ཆེད་ཕར་ཕེབས་ཚུར་འོང་ཐེ་བའི་ཁྱོན་ཉིན་གྲངས་ ༡༠ ཙམ་གྱི་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་དོན་ཡོངས་སུ་གྲུབ་པ་གནང་ཡོད་འདུག ད་རེས་སྤྱི་འཐུས་རྣམ་པ་གཉིས་ས་བགོས་ལྟར་ཕྱོགས་བསྐྱོད་ཕེབས་རིང་ས་གནས་སོ་སོ་ནས་བདེ་སྡུག་ཞུས་ཁག་ལ་འབྲེལ་ཡོད་ལྷན་ཁང་སོ་སོས་དཀའ་སེལ་དགོངས་བཞེས་དང་འབྲེལ་བའི་ཕྱག་བསྟར་མཇུག་སྐྱོང་གནང་དགོས་རིགས་རྣམས་དོན་གནད་རེ་རེ་བཞིན་སྤྱི་འཐུས་རྒྱུན་ལས་བརྒྱུད་འཛིན་སྐྱོང་བཀའ་ཤག་ཏུ་འབུལ་ལམ་ཞུ་རྒྱུ་ཡིིན་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།།

Share with your friends










Submit