མདུན་ཤོག » Featured Mobile » Flash Mobile » གསར་གནས། » པར་རིས་གནས་ཚུལ། »

ང་ཚོས་གསར་གཏོད་མེད་པར་སྔར་ལམ་ཐོག་ཕྱིན་དྲགས་ནས་ལུང་པ་ཤོར་བ་རེད།

Share with your friends










Submit

༢༠༡༧ ཟླ་ ༩ ཚེས་ ༡༤ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༣ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇར་མན་གྲོང་ཁྱེར་ཕེརེངྐ་ཕོཌ་ Frankfurt ནང་སྦེལ་ཇམ་དང་སུད་སི། ཧོལ་ལེན་ཌི་སོགས་ནས་མཇལ་བཅར་ཆེད་ཕེབས་པའི་བོད་རིགས་རྣམས་ལ་བཀའ་སློབ་སྩལ་དོན།

ཁྱེད་རང་ཚོ་ས་ཁུལ་ཁག་ཁ་ཤས་ནས་འདིར་འགྲོ་སོང་བཏང་ནས་ཡོང་བ་རེད། འོན་ཀྱང་དགའ་ཞིང་སྤྲོ་ཞིང་དེ་རིང་འདིར་འདུས་པ་རེད། ཐུགས་རྗེ་ཆེ་ཟེར་གྱི་ཡིན།

ང་རང་ཚོ་བོད་མི་རིགས་ཀྱི་ལ་རྒྱ་དང་། ཞེན་ཁོག དེ་བཞིན་དད་པ་དང་འདུན་པ་གཡོ་བ་མེད་པའི་ཐོག་ནས་དེ་རིང་འདིར་ཡོང་བ་མ་ཟད། དུས་རྒྱུན་དུ་ནས་བོད་པ་ཡིན་བསམ་པའི་འདུ་ཤེས་འཁྱེར་ནས་ལུས་པོ་ས་གནས་གང་དུ་ཡོད་ཀྱང་། བསམ་བློའི་ནང་བོད་མི་ཞིག་ཡིན་བསམ་པའི་འདུ་ཤེས་ང་ཚོ་བོད་རིགས་ཚང་མར་ཡོད་པ་གཅིག་གྱུར་ཡིན།   བོད་ནང་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་དེ་དག་ཐ་ན་སོ་སོའི་སྲོག་ལའང་རང་དབང་མེད་པའི་བཟོ་འདྲ་བོ་དཀའ་ངལ་ཆེན་པོ་ཡོད་ནའང་བོད་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་གཡོ་བ་མེད་པར་གནས་ཡོད།

ཕྱི་ལོ་ ༡༩༥༦ ནས་ཁམས་ཁུལ་དུ་ཟང་ཟིང་དང་ངོ་ལོག་བྱུང་། དེ་ནས་ཕྱི་ལོ་ ༡༩༥༧ ལོར་མདོ་སྨད་ཨ་མདོ་ཁུལ། ཕྱི་ལོ་ ༡༩༥༧།༡༩༥༨ ལོར་དབུས་གཙང་ཁུལ་དུ་ཟང་ངི་ཟིང་ངི་ཆགས་ཏེ་གང་ལྟར་དེའི་གོང་ལ་མདོ་སྟོད་སྨད་ཁུལ་དུ་དྲག་གནོན་ཧ་ལས་པ་བྱས་ཡོད།

དེ་ནས་ཕྱི་ལོ་ ༡༩༥༩ ལོར་ལྷ་སར་དྲག་གནོན་ཧ་ལས་པ་བྱས་ཡོད། དེ་དུས་ཕལ་ཆེར་རྒྱ་མིའི་དམག་དཔོན་ཁ་ཤས་ཀྱི་བསམ་བློའི་ནང་དྲག་གནོན་བྱས་ཏེ་བོད་མི་རིགས་ཀྱི་སེམས་ཤུགས་རྩ་མེད་བཟོ་ཐུབ་པ་བྱུང་སོང་བསམ་པ་དེ་འདྲ་ཕལ་ཆེར་ཚོད་དཔག་བྱས་ཡོད་ཀྱི་རེད།

དེ་དུས་རྒྱ་མིའི་དཔོན་པོ་ཚོའི་ནང་དུ་ཕྱི་ལོ་ ༡༩༥༩ ནས་ལོ་ལྔ་བཅུ་ལྔ་གྲངས་ཕྱིན་པའི་རྗེས་སུ་བོད་པའི་གནས་ཚུལ་དེ་ལྟར་སྡོད་ཀྱི་རེད་བསམ་པའི་ཚོད་དཔག་བྱས་མེད།  ལོ་ ༦༠ ལྷག་ཕྱིན་པའི་རིང་དེར་བོད་པའི་སེམས་ཤུགས་གཙོ་ཆེ་ཤོས་བོད་ནང་ཡོད་པའི་གཞིས་ལུས་རྒྱ་ཆེ་མི་མང་དེ་དག་བོད་ཀྱི་དོན་གྱི་བདག་པོ་ལྟ་བུ་རེད།   བོད་ནས་གཉེན་འཕྲད་ལ་ཡོང་མཁན་དེ་དག་ཐུག་པའི་སྐབས་སུ་ངོས་ཀྱི་རྟག་པར་འདི་ལྟར་བཤད་ཀྱི་ཡོད།   ཁྱེད་རང་ཚོ་གཞིས་ལུས་རྒྱ་ཆེ་མི་མང་དེ་དག་ང་ཚོའི་བོད་ཀྱི་དོན་གྱི་བདག་པོ་རེད། རྒྱ་གར་ནང་ཡོད་མཁན་དེ་ཚོའི་གྲས་དོན་གྱི་བདག་པོའི་ཆ་ཤས་ཆགས་ཡོད།

བརྙན་འཕྲིན་གཟིགས་སླད་འདིར་གནོན།

བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་གི་དངོས་གནས་དྲང་གནས་ཧ་ལས་པའི་སེམས་ཤུགས་དང་སྙིང་སྟོབས་འཁྱེར་ནས་གནས་པ་ཡིན་སྟབས། ང་ཚོ་བོད་མི་བཙན་བྱོལ་བ་བྱས་ནས་ཡོད་པའི་སྐབས་འདིར་སྤོབས་པ་བྱེད་ནས་སྡོད་ཆོག་པ་ཞིག་ཡོང་གི་འདུག དེར་བརྟེན་གང་ལྟར་ང་ཚོ་བོད་པ་གཙོ་ཆེ་གཞིས་ལུས་རྒྱ་ཆེ་མི་མང་དང་། ཡང་སྒོས་བོད་མི་བཙན་བྱོལ་བ་མང་ཤོས་རྒྱ་གར་ནང་ཡོད། དེ་ནས་སུད་སི་དང་། སྦེལ་ཇམ། ཨ་རི། ཁེ་ན་ཌ། ཨོ་སི་ཊོ་ལི་ཡ་སོགས་ཡུལ་གྲུ་མང་པོའི་ནང་བོད་མི་མང་ཉུང་ལ་མ་ལྟོས་པར་ཕྲན་བུ་ཡོད་པ་རེད། དེ་དག་ཚང་མ་དངོས་གནས་བོད་རྒྱ་ཆེ་མི་མང་གི་ཚབ་བྱེད་མཁན་ཞིག་ཕལ་ཆེར་བྱས་ཡོད། ཧ་ཅང་ཡག་པོ་རེད་འདུག

དེ་རིང་འདིར་འདུས་པའི་བོད་མི་ཚང་མར་ཕལ་ཆེར་ངོས་ཀྱིས་བོད་རྒྱ་ཆེ་མི་མང་ཚབ་བྱས་ནས་ཁྱེད་རང་ཚོ་ཚང་མས་ཧུར་ཐག་བྱེད་ཀྱི་འདུག ཐུགས་རྗེ་ཆེ་ཞེས་བརྗོད་འདོད་བྱུང་།

ང་ཚོ་ཐོག་མར་རྒྱ་གར་དུ་འབྱོར། དེ་ནས་བོད་མི་ཁྲི་ཕྲག་འགའ་ཤས་ཤིག་མི་ས་མ་རིར་ (Missamari,Assam) འབྱོར་སྐབས་སུ་ཧ་ལམ་ང་ཚོ་ངོ་ཤེས་པ་གནམ་དང་ས་མ་གཏོགས་མེད་པའི་བཟོ་འདྲ་ཞིག་རེད། ད་གང་འདྲ་བྱེད་ཡོང་བསམ་པ་ཞིག་དང་། དེ་ནས་རིམ་པས་གཙོ་ཆེ་རྒྱ་གར་གཞུང་གིས་རྒྱབ་སྐྱོར་དང་རོགས་རམ། དེ་བཞིན་རོགས་རམ་ཚོགས་པ་དེ་འདྲས་རྒྱབ་སྐྱོར་ཐོག་ནས་སྔོན་ལ་རྒྱ་གར་ནང་གཞིས་ཆགས་ཁག་དེ་དག་བཙུགས། དེ་ནས་སློབ་གྲྭ་ཁག་དེ་དག་བཙུགས། དེ་ནས་མི་ས་མ་རིར་རྒྱ་གར་གཞུང་གི་འཆར་གཞི་ནང་དུ་མི་ ༣༠༠ རེད།   དེ་ཉུང་དྲགས་འདུག མི་ ༡༥༠༠ བཞུགས་ས་བྱུང་ན་ཡག་པོ་འདུག ཅེས་ཞུས་པར།   ཕྱིས་སུ་ ༡༥༠༠ བྱུང་བ་རེད།

འོན་ཀྱང་སྦག་ས་ས་གནས་འདི་ཁ་རླུང་བཙོག་པ་དང་འགྲིམ་འགྲུལ་བདེ་བོ་མེད་སྟབས། ཟ་ཆས་རིགས་དེ་དག་སོས་པ་མེད་པར་རྙིང་པ་ཆགས་པ་དེ་འདྲའི་ཐོག་ནས་གློ་ནད་ TB ན་མཁན་ཧ་ཅང་མང་པོ་བྱུང་སོང་། དེ་ལྟར་བྱས་ནས་མར་གཞིས་ཆགས་ཁག་ནང་སྤོ་རྒྱུ་བྱས་པ་རེད།  རིམ་པས་བོད་མི་བཙན་བྱོལ་བ་དེ་དག་སོ་སོའི་འཕྲལ་སེལ་ལྟོ་གོས་ཙམ་མིན་པར་བོད་མི་རིགས་མཚོན་པའི་སྤྱི་ཚོགས་ཤིག་ཆགས་ནས་ཆོས་དང་རིག་གཞུང་དེ་དག་བདག་པོ་རྒྱག་པའི་གནས་སྟངས་དེ་ལྟར་རེད།

དེ་ནས་རིམ་པས་ཕྱི་ལོ་ ༡༩༧༣ ལོར་ངོས་རང་ཡུ་རོབ་ནང་ལྟ་སྐོར་སླེབས་པ་རེད། ཕྱི་ལོ་ ༡༩༧༩ ལོར་ཨུ་རུ་སུ་དང་ཨ་རིར་སླེབས་པ་རེད། དེ་ཡང་རྒྱ་གར་སྡོད་པའི་རིང་ལའང་ངོས་ལ་མི་མང་པོ་ཐུག་གི་ཡོད། ནང་པའི་ཡུལ་གྲུ་ཁག་མང་པོ་ཞིག་གི་མི་སྣ་དེ་འདྲ་ཆོས་པ་དང་། མཁས་དབང་དེ་འདྲ་མང་པོ་ཐུག་གི་ཡོད། དེ་བཞིན་ནུབ་ཕྱོགས་ནས་ཚན་རིག་པ་མང་པོ་ཐུག་གི་ཡོད།

དེ་ལྟར་ཕྱོགས་བསྡོམས་རྒྱག་ཡོང་སྐབས་མཁན་ཆེན་ཞི་བ་འཚོས་རྩིས་སྤྲོད་གནང་བའི་དཔལ་ནཱ་ལེནྡྲའི་རིག་པའི་གནས་ལྔ། རིག་གནས་ཆེ་བ་ལྔ་ཞེས་ལབ་ཐུབ་ཀྱི་རེད། རྩིས་སྤྲོད་གནང་བ་དེ་དག་ང་ཚོ་བོད་པའི་མེས་པོ་དེ་དག་གིས་མི་རབས་ནས་མི་རབས་བདག་པོ་ཧ་ལས་པ་བརྒྱབ་འདུག དཔལ་ནཱ་ལེནྡྲའི་མཁས་དབང་ཚོའི་ཤེས་ཡོན་ཟེར་ན་མི་འདུག དགོངས་པ་གླེགས་བམ་ལ་བཀོད་ནས་ཡོད་པ་དེ་ཚོའི་གྲས་ང་ཚོས་རྩ་བ་བློ་ལ་འཛིན། འགྲེལ་བ་ཚིག་རེ་རེ་ནས་མར་རྒྱ་འགྲེལ་དང་། གལ་ཏེ་རྒྱ་འགྲེལ་མེད་ན་བོད་འགྲེལ་གྱི་ཐོག་ནས་འགྲེལ་བཤད་བརྒྱབ་ནས་ཧ་ཅང་ཡག་པོ་རེད་འདུག

དེ་སྔ་བོད་ལ་བཤད་སྲོལ་ཡོད། ཨ་ནིའི་ཁོག་པར་བཟང་སྤྱོད་མི་ཆུབ། ཅེས་མཐོང་ཆུང་བྱེད་བཞིན་ཡོད།  སྔ་མོ་ངོས་ཀྱིས་རྒྱ་གར་ལྷོ་ཕྱོགས་སུ་ད་ཆ་ང་ཚོས་མ་འོངས་པར་ཨ་ནིའི་དགེ་བཤེས་མ་དགོས་པའི་བསམ་ཚུལ་བཤད་པ་ཡིན།  སྐབས་དེར་མཁན་པོ་འགའ་ཤས་ཀྱིས་དེ་འདྲ་གང་འདྲ་ཆགས་ཡོང་གསུང་ནས་ཕྲན་བུ་ཐུགས་ལ་མ་བབ་པ་གནང་བྱུང་།  ངོས་ལའང་སྐབས་དེར་རྒྱུ་མཚན་ཡག་པོ་ཞིག་དྲན་བྱུང་།  སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་གནང་འདུག  དགེ་བཤེ་མ་ཏན་ཏན་ཡོང་རྒྱུ་རེད།  ཅེས་དེ་འདྲ་ཞུ་མྱོང་།  ད་ཆ་དགེ་བཤེས་མ་ཐོན་ནས་དངོས་གནས་སྤོབས་པ་བྱེད་ཐུབ་པ་ཞིག་ཆགས་ཡོད།   དེར་བརྟེན་ང་ཚོས་འབད་བརྩོན་བྱས་ནས་སྔར་མེད་གསར་གཏོད་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།  ང་ཚོས་སྔར་ལམ་ཟེར་ནས་སྔ་མོ་དེ་འདྲ་མེད།  སྡུག་ཉེས་ན་༸རྒྱལ་བ་རིན་པོ་ཆེས་མི་བྱེད་དགུ་བྱེད་བྱས་པ་རེད། བྱེད་རྒྱུ་འབེལ་དྲགས་པ་རེད། ཟེར་མཁན་དེ་འདྲ་ཡོང་མདོག་ཁ་པོ་རེད།  སྔར་མེད་གསར་གཏོད་བྱས་ནས་ང་ཚོ་ཡར་རྒྱས་འགྲོ་དགོས།

བོད་རིགས་ན་གཞོན་ཚོས་བོད་ཡིག་ངེས་པར་དུ་ཤེས་པ་བྱེད་དགོས།   བོད་ཡིག་འདི་ཧ་ཅང་རྩ་བ་ཆེན་པོ་རེད་འདུག  ང་ཚོའི་མི་རིགས་ཀྱི་མཚོན་བྱེད་ཙམ་མིན་པར་རིག་པའི་གནས་ལྔ་གཏིང་ཟབ་པོའི་ཐོག་ཕྱིན་པ་ཡིན་ན་བོད་ཡིག་ལ་མ་བརྟེན་པར་ཐབས་མེད།  མཐའ་ན་མི་ཚེ་རྒས་ནས་མཐའ་མཇུག་མཚམས་ད་འཆི་རན་སོང་བསམ་པའི་བསམ་བློ་འཁོར་སྐབས།  ཚེ་རབས་ནས་ཚེ་རབས་ཟེར་བ་དེ་ཚོའི་གྲས་འགྲེལ་བཤད་རྒྱག་སྐབས་འཆི་ཁར་ཡིན་ཡང་རེ་བ་རྒྱག་ས་ཡོད་པ་ཞིག་ཡོད།  དེར་བརྟེན་ཁྱེད་རང་ཚོ་གཞོན་དུས་ཏོག་ཙམ་དོ་སྣང་བྱོས། སློབ་སྦྱོང་བྱོས།  དེ་ལྟར་བྱས་ཚེ་མི་ཚེ་རིམ་བཞིན་ཡར་རྒས་འགྲོ་སྐབས་ཏན་ཏན་ཕན་ཐོགས་ཡོང་རྒྱུ་རེད།  ཅེས་སོགས་ཀྱི་བཀའ་སློབ་སྩལ།།

 

Share with your friends










Submit