མདུན་ཤོག » Flash Mobile » གསར་གནས། »

སི་པེན་སྐད་ཡིག་གི་རྒྱལ་སྤྱིའི་དུས་དེབ་གསར་ཤོག་གྲགས་ཅན་ནང་བོད་དོན་དྲིལ་བསྒྲགས་རྒྱ་ཆེ་སྤེལ་བ།

Share with your friends










Submit

༢༠༡༧ ཟླ་ ༩ ཚེས་ ༡༢ རེས་གཟའ་མིག་དམར།

༄༅། །སི་པེན་སྐད་ཡིག་གི་རྒྱལ་སྤྱིའི་དུས་དེབ་གསར་ཤོག་གྲགས་ཅན་ནང་བོད་དོན་དྲིལ་བསྒྲགས་རྒྱ་ཆེ་སྤེལ་འདུག   དེ་ཡང་བདུན་རེའི་དུས་དེབ་གསར་ཤོག་གྲགས་ཅན་ Newsweek ཞེས་པའི་རྒྱབ་ཤའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་པར་བཀོད་ནས་འཛམ་གླིང་སྤྱི་ལ་བོད་དེ་གལ་གནད་ཆེན་པོ་ཇི་ཙམ་ཡིན་སྐོར་ལུང་འདྲེན་གནང་སྟེ་བཀོད་འདུག   དུས་དེབ་གསར་ཤོག་དེ་སི་པེན་  Spanish  སྐད་ཡིག་ནང་འདོན་སྤེལ་གནང་བཞིན་ཡོད་འདུག

དེ་ཡང་ལྷོ་ཨ་རིའི་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས་ལྟར་ན།   གསར་ཤོག་དེའི་རྒྱབ་ཤར་བོད་དོན་འཁོད་པ་ཐེངས་གཉིས་པ་ཆགས་འདུག  ཐེངས་དང་པོ་དེ་སྔ་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༡༠ ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་༸ཞབས་སོར་འཁོད་སྐབས་ཡིན་འདུག

ཕྱོགས་མཚུངས་མེག་སི་ཀོ་བོད་ཁང་གི་འགན་འཛིན་སྐུ་ཞབས་ Tony Karam ལགས་ཀྱིས་གསུང་དོན།  དུས་དེབ་རྒྱབ་ཤར་དཔལ་ལྡན་སྲིད་སྐྱོང་མཆོག་གི་པར་དང་བོད་དོན་སྐོར་འཁོད་པ་དེ་ནི་བོད་དོན་ལ་ཆེ་མཐོང་དང་གུས་བཀུར་ཆེན་པོ་ཐོབ་པ་ཞིག་མཚོན།    ལྷག་པར་དུས་དེབ་འདོན་སྤེལ་བྱེད་པའི་དུས་སྐབས་དེར་ཡུལ་འདིའི་སྲིད་འཛིན་རྒྱ་ནག་ཏུ་འཚམས་གཟིགས་བསྐྱོད་བཞིན་པ་མ་ཟད།  འདིར་ས་ཡོམ་གྱི་གོད་ཆག་ཀྱང་ཕོག་པའི་སྐབས་ཤིག་འཁེལ་ཡོད་པ་དེ་ལྟར་ནའང་།  དུས་དེབ་རྒྱབ་ཤར་བོད་དོན་སྐོར་བཀོད་པ་དེས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དབུ་ཁྲིད་ལ་གལ་གནད་ཇི་ཙམ་ཆེན་པོར་རྩི་བཞིན་ཡོད་པ་གསལ་པོར་མཚོན་ཐུབ། ཅེས་གསུངས།

དེ་ཡང་དུས་དེབ་གསར་ཤོག་དེའི་རྒྱལ་སྤྱིའི་ཆབ་སྲིད་གནད་དོན་སྐོར་གྱི་རྩོམ་སྒྲིག་པ་ Adriana Amezcua ལགས་དང་དཔལ་ལྡན་སྲིད་སྐྱོང་མཆོག་དབར་བོད་དོན་སྐོར་བགྲོ་གླེང་གནང་བ་རྣམས་དུས་དེབ་དེའི་ནང་གསལ་པོ་བཀོད་འདུག་ཅིང་། བགྲོ་གླེང་བརྗོད་གཞི་གཙོ་བོ་ནི།  དབུ་མའི་ལམ་གྱི་སྲིད་བྱུས་སྐོར་དང་།  ཆབ་སྲིད་ཀྱི་ལངས་ཕྱོགས་མི་མཐུན་པ་རྣམས་གྲོས་མོལ་གྱི་ལམ་ནས་འགྲིག་འཇགས་ཇི་ལྟར་ཡོང་ཐུབ་མིན།  བོད་ཀྱི་ཁོར་ཡུག་ཨེ་ཤི་ཡ་ཙམ་མ་ཟད།  རྒྱལ་སྤྱིའི་ཁྱོན་ལའང་གལ་གནད་ཇི་ཙམ་ཆེ་ཚུལ་བཅས་བགྲོ་གླེང་གནང་འདུག

དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལྷོ་ཨ་རི་དང་ལྷག་པར་མེག་སི་ཀོ་སྲིད་གཞུང་ནས་བོད་ཀྱི་ལོ་རྒྱུས་ལ་བསྐྱར་ཞིབ་གནང་སྟེ་དངོས་ཡོད་གནས་ཚུལ་གསལ་རྟོགས་དགོས་གལ་སྐོར་དང་།  བོད་ནི་འཛམ་གླིང་ནང་དམ་བསྒྲགས་ཆེ་ཤོས་ཀྱི་ས་ཁུལ་ཨང་གཉིས་པར་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་དོན་དམ་གྱི་རང་སྐྱོང་རྩོད་བཞིན་ཡོད་པ་དང་།  ལྷག་པར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞི་རྩར་བཟུང་ནས་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་གསལ་ཐབས་བྱེད་བཞིན་ཡོད་སྐོར་གསུང་པ་རྣམས་དུས་དེབ་ནང་ཁ་གསལ་བཀོད་འདུག

དེ་ཡང་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས་ཀྱིས་གསུང་དོན།  དུས་དེབ་རྒྱབ་ཤར་དཔལ་ལྡན་སྲིད་སྐྱོང་མཆོག་གི་འདྲ་པར་བཀོད་ནས་དུས་དེབ་ནང་དོན་དུ་རྩོམ་སྒྲིག་པ་ Adriana Amezcua ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་བོད་དོན་དང་འབྲེལ་བའི་གལ་ཆེའི་གནད་དོན་ཐད་བཅར་འདྲི་དང་ལེན་གནང་བ་རྣམས་ཞིབ་ཕྲ་གསལ་འདུག ཅེས་གསུངས།།

Share with your friends










Submit