མདུན་ཤོག » Flash Mobile » གསར་གནས། »

བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༦ རྒྱལ་ཁའི་ངང་མཇུག་སྒྲིལ་བ།

Share with your friends










Submit

ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༣ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༨ ནས་ ༡༠ བར་ཉིན་གྲངས་གསུམ་རིང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༦ དེ་བཞིན་རྒྱལ་ཁའི་ངང་མཇུག་སྒྲིལ་ཡོད།

དེ་ཡང་ལྷན་ཚོགས་སྐབས་བྱང་ཨ་རིའི་ས་ཁུལ་འདྲ་མིན་ཁག་ ༢༧ ནས་འཐུས་མི་གྲངས་ ༦༢ མཉམ་ཞུགས་གནང་སྟེ་གྲོས་ཆོད་ཤོག་ལྷེ་ ༡༣ ཅན་ཞིག་གཏན་འབེབས་གནང་ཡོད། གྲོས་ཆོད་གཙོ་བོ་དོན་ཚན་གསུམ་གྱི་ཐོག་ལ་བཞག་གནང་ཡོད་པ་དེ་དག་ནི། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བྱང་ཨ་རིར་ཆིབས་སྒྱུར་དང་འབྲེལ་བའི་སྐུ་ཕྱའི་ཉེན་སྲུང་སྐོར་དང་། མ་འོངས་ཆབ་སྲིད་ཀྱི་ལས་དོན་བྱེད་ཕྱོགས་སྐོར། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པས་བོད་མི་ནང་ཁུལ་མཐུན་ལམ་དང་ཆིག་སྒྲིལ་གྱི་ནུས་པ་སྲ་བརྟན་གོང་མཐོར་ཇི་ལྟར་གཏོང་དགོས་སྐོར་ཡིན་འདུག

གཞན་ཡང་འཐུས་མི་རྣམ་པས་ནིའུ་ཡོག་གྲོང་ཁྱེར་ནང་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༡༠ ཉིན་ཏེ་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་བོད་ཀྱི་གནད་དོན་གླེང་སློང་དང་བོད་དོན་ཐོག་གདུང་སེམས་མཉམ་སྐྱེ་མཚོན་སླད་ལས་འགུལ་རྒྱ་ཆེ་སྤེལ་རྒྱུ་དང་། ཨ་རིའི་ནང་དུ་ཡོད་པའི་བོད་པའི་ཚོགས་པ་ཁག་གོང་བུ་གཅིག་ཏུ་སྒྲིལ་ཏེ་ཚོགས་པ་དེ་དག་སྲ་བརྟན་བཟོ་རྒྱུ་སོགས་སྤྱི་མོས་ཐག་གཅོད་བྱུང་ཡོད་འདུག

ཐེངས་འདིའི་ལྷན་ཚོགས་སྐབས་ཚོགས་བཅར་བ་ཕོན་ཆེ་མཉམ་ཞུགས་གནང་ཡོད་པ་དང་། མི་རབས་རྒན་གཞོན་འདྲ་མིན་དང་། ལྷག་པར་འགའ་ཤས་ནི་ཚོགས་ཆེན་ཐོག་བཅར་བ་ཐེངས་དང་པོ་ཡིན་ནའང་བོད་དོན་ཐོག་ལྷག་བསམ་གཡོ་བ་མེད་པའི་ཐོག་ནས་བོད་དོན་སེམས་ཚོར་དྲག་པོ་ཡོད་འདུག་པ་བཅས། །

Share with your friends










Submit