མདུན་ཤོག » Flash Mobile » གསར་གནས། »

བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཨུ་རུ་སུའི་ནང་གི་མཛད་རིམ་ཁག་ལེགས་པར་གྲུབ་པ།

Share with your friends










Submit

ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༡

༄༅། ། འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༩ ནས་ ༡༦ བར་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང་། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས།  སྤྱི་འཐུས་བློ་བཟང་གྲགས་པ་ལགས་རྣམ་གསུམ་ཨུ་རུ་སུའི་རྒྱལ་ཁབ་ནང་མི་སྣ་མཇལ་འཕྲད་དང་། བོད་དོན་རྒྱབ་སྐྱོར་སྔར་ལྷག་ཐོབ་ཐབས་ཀྱི་ལས་རིམ་གནང་ཡོད། ཕྱི་ཚེས་ ༡༡ ཉིན་ཨུ་རུ་སུ་སེན་པི་ཊར་སེ་བྷག་ St Petersburg གི་གྲོང་ཁྱེར་དུ་གཞུང་འབྲེལ་ལས་རིམ་ལེགས་པར་གྲུབ་རྗེས། ཕྱི་ཚེས་ ༡༢ ནས་ ༡༦ བར་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀལ་མུག་མངའ་ཁུལ་དང་ཨུ་རུ་སུ་རྒྱལ་ས་མོ་སི་ཁོ་ Moscow རུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད།

དེ་ཡང་ཕྱི་ཚེས་ ༡༢ ཉིན་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀལ་མུག་ཏུ་ཕེབས་པ་དང་། ཕྱི་ཚེས་ ༡༣ ཉིན་གྱི་ཞོགས་པ་ཡུལ་དེའི་དགོན་པར་མཆོད་མཇལ་དང་གཟིགས་སྐོར་གནང་ཡོད། དེ་ནས་ཕྱི་དྲོ་ཨེ་ལེ་སི་ཏ་སློབ་གྲྭར་ Elista City School ཕེབས་སྐབས་སུ་དེ་གའི་དགེ་ལས་དང་སློབ་ཕྲུག་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་གནང་རྗེས། སློབ་གྲྭར་གཟིགས་བསྐོར་གནང་བ་དང་། དེ་བཞིན་དགེ་ལས་གྲངས་ ༢༠ ཙམ་འདུ་འཛོམས་ཐོག་བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་སློབ་གྲྭ་ནི་མི་རབས་གསར་པ་གསོ་སྐྱོང་བྱེད་སའི་བསྟི་གནས་ཤིག་ཡིན་པ་དང་། དགེ་རྒན་ནི་མི་རབས་གསར་པ་ཚོ་གསོ་སྐྱོང་བྱེད་མཁན་ཞིག་ཏུ་འགྱུར་ཡོད་པས། དགེ་རྒན་ཚོས་རྣམ་ཀུན་ནས་བྱམས་པ་དང་བརྩེ་བའི་རྨང་གཞིའི་ཐོག་གོམས་ཁ་བསྒྱུར་དགོས་སྐོར་གསུངས་གནང་ཡོད་པ་མ་ཟད་སློབ་གྲྭ་རུ་༧གོང་ས་མཆོག་གི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་བཀའ་སློབ་རྣམས་སློབ་གྲྭའི་སློབ་ཚན་དུ་སློབ་ཕྲུག་ཚོར་སློབ་ཁྲིད་གནང་ཐུབ་ན་དགེ་མཚན་ཆེ་སྐོར་གསུངས་གནང་ཡོད་འདུག ཕྱོགས་མཚུངས་སློབ་གྲྭ་དེས་རྣམ་ཀུན་ནས་བོད་དང་འབྲེལ་བའི་ལས་འགུལ་གང་མང་སྤེལ་བར་ཡི་རངས་བསྔགས་བརྗོད་ཀྱང་གནང་འདུག


དེའི་རྗེས་ཀལ་མུག་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲེམས་སྟོན་ཁང་ལ་གཟིགས་བསྐོར་ཕེབས་གནང་ཡོད་པ་དང་། འགྲེམས་སྟོན་ཁང་གི་འགན་འཛིན་དང་མཇལ་འཕྲད་ཀྱིས་བོད་དང་ཀལ་མུག་དབར་ལོ་རྒྱུས་ཐོག་ཡུན་རིང་གི་འབྲེལ་བ་ཇི་ལྟར་ཡོད་མེད་དང་། བོད་ཀྱི་ད་ལྟའི་གནས་བབ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་སྐོར་སོགས་གླེང་མོལ་གནང་བ་དང་སྦྲགས། འགྲེམས་སྟོན་ཁང་གི་འགན་འཛིན་མཆོག་གིས་ཀྱང་མ་འོངས་པར་འགྲེམས་སྟོན་ཁང་དུ་བོད་ཀྱི་ཡུལ་གོམས་གཤིས་ལུགས་དང་ཆས་གོས་སོགས་ཀྱི་ཆེད་སྡེ་ཚན་དམིགས་བསལ་ཞིག་འཛུགས་རྒྱུའི་འཆར་གཞི་ཡོད་སྐོར་གསུངས་ཡོད་འདུག དགོང་མོར་ཁུལ་དེའི་བོད་རིགས་རྣམས་ཀྱིས་སྤྱི་འཐུས་རྣམ་པ་གསུམ་དགེ་བཤེས་བློ་བཟང་རྒྱ་མཚོ་ལགས་ཀྱི་པོ་ཏཱ་ལའི་རིག་གཞུང་ལྟེ་གནས་ཁང་དུ་སྣེ་ལེན་གཟབ་རྒྱས་ངང་གདན་འདྲེན་ཞུས་གནང་ཡོད་པ་དང་། དེ་མཚུངས་སྤྱི་འཐུས་རྣམ་པས་བོད་ཀྱི་མང་གཙོའི་འཕེལ་རིམ་དང་། ད་ལྟའི་བོད་ཀྱི་གནས་བབ་སྐོར་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད་པ་མ་ཟད། བསམ་ཚུལ་བསྡུ་ལེན་དང་དྲི་བ་ཁག་ལ་ལན་འདེབས་ཀྱང་གནང་ཡོད་འདུག


ཕྱི་ཚེས་ ༡༤ ཉིན་ཀལ་མུག་གཞུང་གི་གཙུག་ལག་སློབ་གྲྭ་ State University of Kalmyk རུ་གཟིགས་བསྐོར་གནང་ཡོད་པ་དང་། མཐོ་སློབ་ཀྱི་ངེས་སྟོན་པ་དང་སློབ་མ་ཚོས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གནང་རྗེས། མཐོ་སློབ་ཀྱི་ངེས་སྟོན་པ་མཆོག་གིས་སྤྱི་འཐུས་རྣམ་པ་གསུམ་ལ་མཐོ་སློབ་ཀྱི་སྡེ་ཚན་ཁག་རིམ་པས་ངོ་སྤྲོད་གནང་ཡོད། སྐབས་དེར་བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་བོད་དང་ཀལ་མུག་གཉིས་དབར་ཡོད་པའི་ལོ་རྒྱུས་ཀྱི་འབྲེལ་བ་དེ་ཉིད་མུ་མཐུད་རྒྱུན་གནས་ཡོང་བ་དང་། ཀལ་མུག་ཏུ་དར་བའི་བོད་ཀྱི་ནང་བསྟན་རིག་པ་དེ་ཉིད་མི་ཉམས་གོང་འཕེལ་གཏོང་བར་མི་རིགས་གཉིས་དབར་ཤེས་ཡོན་དང་རིག་གཞུང་སོགས་རྒྱུས་ལོན་དགོས་གལ་ཆེ་བ་དང་། ཀལ་མུག་དང་བོད་མིའི་སྒྲིག་འཛུགས་དབར་ཤེས་རིག་ཐོག་མཉམ་འབྲེལ་གྱིས་རིག་གཞུང་དང་། སློབ་མ་བརྗེ་ལེན་གྱི་ལས་རིམ་སྤེལ་ཐུབ་ན་དགེ་ཚན་ཆེས་ཆེར་ལྡན་པ་གསུངས་གནང་ཡོད་པ་དང་། དེ་བཞིན་སློབ་མ་ཚོར་བོད་ཀྱི་འདས་པའི་ལོ་རྒྱུས་དང་། ད་ལྟ་རྒྱ་ནག་འོག་མྱངས་དང་མྱོང་བཞིན་པའི་དཀའ་ངལ་སོགས་འགྲེལ་བརྗོད་ཀྱིས་ཤེས་རྟོགས་ཐུབ་པ་བཟོ་རྒྱུ་གལ་ཆེ་ཡིན་པ་སོགས་གསུངས་ཡོད་པ་མ་ཟད། མཐོ་སློབ་ནས་ནམ་རྒྱུན་བོད་དོན་ཐད་དོ་སྣང་གནང་བར་ཐུགས་རྗེ་ཆེ་ཞུས་དང་ཡི་རངས་བསྔགས་བརྗོད་གནང་ཡོད། མཐོ་སློབ་ཀྱི་ངེས་སྟོན་པ་མཆོག་ནས་ཀྱང་ཀལ་མུག་མཐོ་སློབ་ནས་མ་འོངས་པར་གཞུང་འབྲེལ་གྱིས་བོད་རིགས་སློབ་མ་གང་མང་མཐོ་སློབ་དེར་སློབ་སྦྱོང་བྱེད་རྒྱུའི་ལས་རིམ་ཇེ་མང་དུ་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད་འདུག


དེ་ནས་སྤྱི་འཐུས་རྣམ་པ་གསུམ་ནས་ཀལ་མུག་རིག་གཞུང་ལས་ཁུངས་སུ་བཀའ་བློན་རྒན་གཞོན་གཉིས་དང་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་བོད་དང་ཀལ་མུག་གཉིས་དབར་ལོ་རྒྱུས་ཐོག་འབྲེལ་བ་ཟབ་མོ་ཡོད་པ་དང་། རིག་གཞུང་གི་ཆ་ནས་ཀྱང་འདྲ་ས་མང་པོ་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གཅིག་པ་ཡིན་པས། མི་རིགས་གཉིས་དབར་གྱི་མཐུན་ལམ་རྒྱུན་གནས་ཐུབ་པ་དང་རིག་གཞུང་བརྗེ་ལེན་སོགས་ནི་གལ་ཆེའི་ནང་གི་དོན་ཆེན་ཡིན་སྐོར་གསུངས་གནང་བ་དང་། ད་ལྟའི་ཆར་རྒྱ་ནག་གཞུང་གི་བཙན་དབང་དང་དྲག་གནོན་འོག་བོད་བརྒྱུད་ནང་བསྟན་རྩ་མེད་དུ་འགྲོ་ལ་ཉེ་བས་ཀལ་མུག་གཞུང་ནས་ཀྱང་དེའི་སྐོར་ཐུགས་སྣང་དང་བོད་པར་རྒྱབ་སྐྱོར་གནང་དགོས་གལ་མཐོང་བས། མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བར་རེ་འདུན་ཞུས་གནང་བ་དང་། མ་འོངས་པར་བོད་མིའི་སྒྲིག་འཛུགས་དང་ཀལ་མུག་གཉིས་དབར་གཞུང་འབྲེལ་ཐོག་ནས་རིག་གཞུང་བརྗེ་ལེན་གྱི་ལས་འགུལ་གང་མང་སྤེལ་གལ་ཆེ་བའི་སྐོར་གསུངས་ཡོད་འདུག ཀལ་མུག་རིག་གཞུང་བློན་ཆེན་མཆོག་གིས་ཀྱང་བོད་བརྒྱུད་ནང་བསྟན་ནི་ཀལ་མུག་གི་སྲོག་ཤིང་ལྟར་འཛིན་གྱི་ཡོད་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་ཀལ་མུག་མི་མང་རྣམས་ཀྱི་སྐྱབས་མགོན་ཡིན་པ་གསུངས་ཡོད་པ་མ་ཟད་མ་འོངས་པར་བོད་དང་ཀལ་མུག་གཉིས་ཀྱི་དབར་ཡོད་པའི་ལོ་རྒྱུས་ཀྱི་འབྲེལ་བའི་སྐོར་གློག་བརྙན་དང་དཔེ་དེབ་སོགས་པར་བསྐྲུན་བྱེད་འཆར་ཡོད་པ་དང་། མི་རིགས་གཉིས་ཀྱི་དབར་རིག་གཞུང་བརྗེ་ལེན་གྱི་ལས་རིམ་ཇེ་མང་དུ་གཏོང་རྒྱུ་ཡིན་སྐོར་གསུངས་ཡོད་འདུག
སྤྱི་འཐུས་རྣམ་པ་ཕྱི་ཚེས་ ༡༤ ཉིན་གྱི་ཕྱི་དྲོ་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་ལ་ཕེབས་ཐོན་གནང་ཡོད་པ་དང་། ཕྱི་ཚེས་ ༡༥ ཉིན་རྒྱབ་ཨུ་རུ་སུའི་དོན་གཅོད་ཏེ་ལོ་རིན་པོ་ཆེ་དང་ལྷན་ཨུ་རུ་སུའི་གྲོས་ཚོགས་འཐུས་མི་ Marna Mukabenova དང་ Batar Aduchiev, མཆོག་རྣམ་གཉིས་དང་། སྦུ་རི་ཡ་ཏི་ཤེས་རིག་བློན་ཆེན་ཟུར་པ་དང་ད་ལྟ་དབུས་ཀྱི་གྲོས་ཚོགས་འཐུས་མི་ Aldar Damdinov མཆོག   གཞན་ཡང་ཀལ་མུག་གི་གཞུང་ཚབ་ Batar Lidzhiev ལགས་བཅས་དང་མཇའ་འཕྲད་ཀྱིས་བོད་དོན་སྐོར་ངོ་སྤྲོད་གནང་ཡོད་པ་དང་། དེ་བཞིན་ཨུ་རུ་སུ་གྲོས་ཚོགས་འཐུས་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་འཐུས་མིའི་དབར་འབྲེལ་བ་དམ་ཟབ་ཡོང་ཐབས་དང་། ཨུ་རུ་སུའི་གྲོས་ཚོགས་འཐུས་མི་ཁ་ཤས་སྔ་རྗེས་སུ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ལ་ཕེབས་མྱོང་བ་དང་། ད་བར་བོད་དོན་ཐད་སེམས་ཁུར་དང་རྒྱབ་སྐྱོར་གནང་དང་གནང་མུས་ཡིན་པར་ཡི་རངས་བསྔགས་བརྗོད་ཞུས་གནང་རྗེས། མ་འོངས་པར་ཨུ་རུ་སུའི་གྲོས་ཚོགས་སུ་བོད་ཀྱི་དངོས་ཡོད་དཀའ་ངལ་སོགས་གླེང་སློང་གནང་རྒྱུའི་རེ་སྐུལ་ཞུས་གནང་ཡོད། བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་ད་ཐེངས་ཀལ་མུག་མངའ་ཁུལ་གྱི་གཞུང་འབྲེལ་ལས་ཁུངས་དང་སྡེ་མཚན་སོགས་གང་དུ་སོང་ཡང་༧གོང་ས་མཆོག་གི་སྐུ་པར་མཇལ་རྒྱུ་བྱུང་བར་དམིགས་བསལ་དགའ་ཚོར་བྱུང་སྐོར་གསུངས་གནང་ཡོད་པ་དང་། ཨུ་རུ་སུའི་གྲོས་ཚོགས་འཐུས་མི་རྣམས་ནས་ཀྱང་བོད་ཀྱི་གནད་དོན་ཐོག་རྒྱུན་དུ་ནས་དོ་སྣང་ཡོད་སྐོར་དང་། ཀལ་མུག་ལྟ་བུར་མཚོན་ན་ ༧གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་གཞུང་འབྲེལ་གུང་གསེང་དུ་གཏན་འབེབས་གནང་ཡོད་སྐོར་གསུངས་ཡོད་འདུག
ཉིན་དེའི་དགོང་མོར་ཨུ་རུ་སུ་དོན་གཅོད་ལས་ཁུངས་སུ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་ཚོ་དང་མཇལ་འཕྲད་ཀྱིས་ད་ཐེངས་བོད་ཀྱི་གྲོས་ཚོགས་འཐུས་མི་ཨུ་རུ་སུར་ཡོང་དགོས་པའི་དམིགས་ཡུལ་དང་། བོད་ཀྱི་མང་གཙོ་འཕེལ་རྒྱས་དང་། དབུ་མའི་ལམ་གྱི་སྲིད་བྱུས་སྐོར་སོགས་ཀྱི་ཐོག་གསུང་བཤད་གནང་གྲུབ་བསྟུན། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམས་ཀྱིས་ཕེབས་སྐྱེལ་གྱི་གསོལ་སྟོན་བཤམས་གནང་ཡོད་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་ནས་གསུང་གསལ་ལྟར་ན། ཐེངས་འདིར་དུས་ཡུན་ཐུང་ཐུང་ཞིག་ནང་ཨུ་རུ་སུའི་ས་ཁུལ་ཏུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་དགོས་བྱུང་ཡོད་ནའང་། ཨུ་རུ་སུའི་དོན་གཅོད་ཁང་གི་གོ་སྒྲིག་འོག་ལས་རིམ་མང་ཆེ་བར་ལེགས་གྲུབ་བྱུང་ཡོད་པ་མ་ཟད། ཨུ་རུ་སུ་ས་ཁུལ་ཏུ་གནད་ཡོད་མི་སྣ་དང་བོད་དོན་རྒྱབ་སྐྱོར་བ་སོགས་གང་མང་མཇལ་འཕྲད་ཐུབ་པས། ཐེངས་འདིར་རིན་ཐང་དང་ལྡན་པའི་གཞུང་འབྲེལ་ཕྱོགས་བསྐྱོད་ཅིག་བྱུང་ཡོད་པ་བཅས།།

Share with your friends










Submit