ཟླ་བ་ ༩ ཚེས ༡༥ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༩ ཚེས་ ༡༥ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇར་མན་ཕེརེངྐཕོཌ་གྲོང་ཁྱེར་གྱི་ Jahrhunderthalle ཞེས་པའི་ས་གནས་སུ་ཚན་རིག་དང་ནང་པའི་ལྟ་ཚུལ་གྱི་བགྲོ་གླེང་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་བ་མ་ཟད།  བོད་ཀྱི་ཁང་པ་དབུ་འབྱེད་མཛད་པ་སོགས་མཛད་འཕྲིན་རྒྱ་ཆེ་ཁག་གཅིག་བསྐྱངས་འདུག  

དེ་ཡང་བགྲོ་གླེང་སྐབས་ཐོག་མར་ལས་རིམ་གཙོ་སྐྱོང་བ་སྐུ་ཞབས་གྷཌ་ཤི་ཁོ་བེལ་ Gert Scobel ལགས་ཀྱིས་འཇར་མན་དངོས་ཁམས་ཚན་རིག་པ་དང་ལྟ་གྲུབ་སྨྲ་བ་གྲགས་ཅན་སྐུ་ཞབས་ཀལ་ཕེར་ཌེ་རིག་ཝོན་ཝེ་ཛེ་ཀར་ Carl Friedrich von Weizsäcker དམ་པ་ཁོང་རྗེས་དྲན་ཞུ་རྒྱུ་ཡིན་ཚུལ་སྙན་སེང་ཞུས་རྗེས་དམ་པ་ཁོང་གི་བུ་སྐྱེ་དངོས་ཚན་རིག་པ་དང་།  རོམ་སྐྱིད་སྡུག་ Club of Rome ཅེས་པའི་རིག་པའི་འབྱུང་གནས་ think-tank ཀྱི་ཚོགས་གཞོན་ཡིན་འདུག 

རྗེས་དྲན་གུས་འདུད་ཞུ་རྒྱུའི་ལས་རིམ་གྲུབ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇར་མན་དངོས་ཁམས་ཚན་རིག་པ་དང་ལྟ་གྲུབ་སྨྲ་བ་གྲགས་ཅན་སྐུ་ཞབས་ཀལ་ཕེར་ཌེ་རིག་ཝོན་ཝེ་ཛེ་ཀར་དམ་པ་ཁོང་ནི་༸གོང་ས་མཆོག་གིས་དགེ་རྒན་དུ་ངོས་འཛིན་མཛད་བཞིན་ཡོད་སྟབས།   ཐེངས་འདིར་དམ་པ་ཁོང་གི་བུ་དང་། དེ་བཞིན་གྲོགས་པོ་རྙིང་པ་ཚན་རིག་པ་སྐུ་ཞབས་ཝུལྤ་སིངྒར་ Wolf Singer ལགས་བཅས་དང་ལྷན་སྡིངས་ཆ་གཅིག་མཉམ་སྤྱོད་མཛད་རྒྱུའི་གོ་སྐབས་ཐོབ་པར་ཐུགས་དགའ་སྤོབས་བྱུང་ཚུལ་དང་།  

ཨ་རིའི་དངོས་ཁམས་ཚན་རིག་པ་གྲགས་ཅན་སྐུ་ཞབས་ཌེ་ཝི་ཌི་བུམ་ David Bohm དམ་པ་ཁོང་དང་།  འཇར་མན་དངོས་ཁམས་ཚན་རིག་པ་དང་ལྟ་གྲུབ་སྨྲ་བ་སྐུ་ཞབས་ཀལ་ཕེར་ཌེ་རིག་ཝོན་ཝེ་ཛེ་ཀར་ Carl Friedrich von Weizsäcker དམ་པ་ཁོང་རྣམ་གཉིས་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཚད་རྡུལ་དངོས་ཁམས་རིག་པའི་ quantum physics  སྐོར་སློབ་སྟོན་གནང་མཁན་དགེ་རྒན་ཞིག་ཡིན་པར་ངོས་འཛིན་མཛད་བཞིན་ཡོད་སྐོར་བཀའ་སློབ་སྩལ།   སྐབས་དེར་བུས་ཡབ་དམ་པར་བྱེད་སྒོ་དེ་ལྟ་བུའི་ལམ་ནས་རྗེས་དྲན་ཞུ་བཞིན་པ་མཁྱེན་པ་ཡིན་ན་ཡབ་དམ་པ་དགའ་སྤོབས་ཏན་ཏན་ཡོང་ངེས་ཚུལ་སྙན་སེང་ཞུས། 

དེ་རྗེས་ཚན་རིག་པ་སྐུ་ཞབས་ཝུལྤ་སིངྒར་ Wolf Singer ལགས་ཀྱིས་ནུབ་ཕྱོགས་ཚན་རིག་པའི་ད་ལྟའི་ལངས་ཕྱོགས་ཐོག་གསུང་སྐབས།  འགྲོ་བ་མི་ལ་མཚོན་ན་མིའི་རང་བཞིན་འཇམ་རྩུབ་གཉིས་ཀ་ཡོད་ཆོག་པ་དང་། ང་ཚོ་མི་ལ་སྐད་ཡིག་ཡོད་སྟབས་ཕན་ཚུན་ཡིག་ངག་གཉིས་ཐོག་ནས་འབྲེལ་བ་བྱེད་ཐུབ་སྐོར།  དེ་བཞིན་སྣོད་བཅུད་ཀྱི་ཆགས་འཇིག་ནི་མིའི་བྱ་སྤྱོད་ཁོ་ནར་རག་ལས་ཡོད་སྐོར་སྙན་སེང་ཞུས། 

གཞན་ཡང་ལས་རིམ་གཙོ་སྐྱོང་བ་སྐུ་ཞབས་གྷཌ་ཤི་ཁོ་བེལ་ Gert Scobel ལགས་ཀྱིས་ཤར་ནུབ་ཀྱི་ལྟ་གྲུབ་མཚུངས་བསྡུར་གནང་བ་མ་ཟད། ཤར་ཕྱོགས་ནས་དར་བའི་བཟང་སྤྱོད་ཀྱི་བསླབ་བྱ་དེ་དག་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་ཞབས་འདེགས་ཇི་ཙམ་བསྒྲུབ་བཞིན་ཡོད་སྐོར་དང་། 

ལྕམ་སྐུ་བྷིར་ཏ་ཧོལ་ཛེལ་ Britta Holzel ལགས་ཀྱིས་ཀླད་ཁམས་ཚན་རིག་དང་དྲན་པ་ཉེར་བཞག་སྐོར་གསུང་སྐབས་བར་ལམ་ནས་བཟུང་སེམས་ངལ་དང་སྙིང་གི་ནད་རིགས་སོགས་སྔོན་འགོག་དང་།   ཟུག་རྔུར་གདོང་ལེན།  བྱམས་བརྩེའི་བློ་གོང་འཕེལ་གཏོང་ཐབས་བཅས་ལ་དམིགས་ནས་དྲན་པ་ཉེར་བཞག་སྐོར་ལ་དོ་སྣང་ཧ་ཅང་ཆེ་རུ་འགྲོ་བཞིན་པ་མ་ཟད།   སེམས་དམིགས་པར་རྩེ་གཅིག་ཏུ་དམིགས་རྒྱུར་དྲན་པ་ཉེར་བཞག་གི་ཕན་ཐོགས།   དེ་བཞིན་རྣམ་རྟོག་འདྲ་མིན་ལ་གཉེན་པོ་བསྟེན་ཚུལ་སྐོར་སོགས་གསུངས།

ཕྱོགས་མཚུངས་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས་ནས་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གྲྭའི་ Emory University  ནང་བྱམས་བརྩེའི་ཉམས་ལེན་གོང་མཐོར་གཏོང་ཐབས་ཀྱི་ཟབ་སྦྱོང་ SEED སྤྲོད་སྟངས་སྐོར་སྙན་སེང་ཞུས།  

དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། 

ཚན་རིག་པ་སྐུ་ཞབས་ཝུལྤ་སིངྒར་ Wolf Singer ལགས་དང་ལྷན།

ཁྱེད་རྣམ་པའི་མཁས་པའི་གཏམ་བཤད་ལ་ངོས་ནས་དོན་དམ་བསྔགས་བརྗོད་ཞུ་རྒྱུ་ཡིན། ཐམས་ཅད་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་མ་གཏོགས་རྒྱུ་རྐྱེན་ལ་ལྟོས་མེད་རང་དབང་དུ་གྲུབ་པའི་ཆོས་ཤིག་རྩ་བ་ནས་མེད་པའི་གནས་སྟངས་འདི་དྲན་སྐུལ་ཐེབས་བྱུང་། 

བློའི་རྣམ་གཞག་སྐོར་ལ་བསླེབ་སྐབས་དེང་དུས་ཤེས་ཡོན་ལམ་ལུགས་གྱིས་འདང་གི་མེད། དེར་བརྟེན་གཞན་ནས་བློ་སྐྱེད་ལེན་དགོས།  སྤྱིར་སྟངས་མི་དཀྱུས་མ་ཚོས་ཚན་རིག་གི་གྲུབ་དོན་རེད་བརྗོད་སྐབས་དེར་ངོས་འཛིན་དང་ཡིད་ཆེས་བྱེད་བཞིན་ཡོད། དེར་བརྟེན་བཟང་སྤྱོད་ཀྱི་སློབ་གསོ་དེ་དག་ཀྱང་ཚན་རིག་པས་བརྟག་དཔྱད་དང་། ང་ཚོའི་ཉིན་རེའི་མི་ཚེའི་ནང་དངོས་སུ་ཉམས་མྱོང་གང་བྱུང་བ་བཅས་ལ་གཞི་བཅོལ་ནས་གཏན་ལ་དབབ་དགོས་རྒྱུ་ཧ་ཅང་གནད་འགག་ཆགས་ཡོད། 

སྤྱིར་བཏང་ང་ཚོས་ལས་བཟང་པོའི་འབྲས་བུ་བདེ་བ་དང་།  ལས་ངན་པའི་འབྲས་བུ་སྡུག་བསྔལ་ཡོང་རྒྱུ་ཡིན་པ་བརྗོད་བཞིན་ཡོད་སྟབས།  ལས་བཟང་པོ་ཡོང་བར་རྒྱུ་བྱམས་བརྩེའི་ཀུན་སློང་དེ་ཤེས་ཡོན་ལམ་ལུགས་ཐོག་ནས་གོང་མཐོར་གཏོང་རྒྱུར་འབད་བརྩོན་བྱེད་དགོས།   བྱམས་བརྩེ་ཡོད་ན་སྒེར་རང་ཉིད་ལུས་སེམས་བདེ་བ་ཙམ་མ་ཟད།  ནང་མི་དང་རྒྱ་ཆེ་ས་ནས་སྤྱི་ཚོགས་བདེ་ཞིང་སྐྱིད་པ་ཞིག་ཡོང་ངེས་ཡིན།   ཞེས་བཀའ་སློབ་སྩལ།

ཚན་རིག་པ་རྣམས་ལ་འཚམས་འདྲི་མཛད་བཞིན་པ།

དེ་རྗེས་ཚན་རིག་པ་སྐུ་ཞབས་ཝུལྤ་སིངྒར་ Wolf Singer ལགས་དང་ལྷན་༸གོང་ས་མཆོག་གིས།  དེ་སྔ་དུས་རབས་ ༢༠ ནང་ཚན་རིག་པས་ཤེས་པ་དེ་ཀླད་པ་ལ་བརྟེན་པ་དང་།  ཀླད་པ་ལས་བྱུང་བའི་ཆོས་ཤིག་ལ་ངོས་འཛིན་བྱས་ཡོད་ཀྱང་དུས་རབས་དེའི་མཇུག་ཙམ་ནས་ཤེས་པའི་བྱེད་ལས་ཀྱིས་ཀླད་པར་ཚུར་ཤུགས་རྐྱེན་སྤྲོད་བཞིན་ཡོད་པ་ར་སྤྲོད་བྱུང་ཚུལ་བཀའ་བརྩད་མཛད་སྐབས།   

མཛད་སྒོའི་ཐོག་རོལ་དབྱངས་རུ་ཁག

སྐུ་ཞབས་ཝུལྤ་སིངྒར་ལགས་ཀྱིས་ད་ལྟའི་ཚན་རིག་པ་ཚོས་ཤེས་པ་ནི་ཀླད་པའི་བྱེད་ལས་ལ་བརྟེན་ནས་བྱུང་བའི་ཁྱད་ཆོས་ཤིག་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་སྐོར་སོགས་སྙན་སེང་ཞུ་སྐབས། 

བོད་ཀྱི་ཁང་པར་༸ཞབས་སོར་འཁོད་སྐབས།

༸གོང་ས་མཆོག་གིས་ཉིང་མཚམས་སྦྱོར་བའི་གནས་སྐབས་སུ་ཀླད་པ་ཡོད་མེད་འདྲི་རྩད་མཛད་པར་སྐུ་ཞབས་ཝུལྤ་སིངྒར་ལགས་ཀྱིས།   སྐབས་དེར་ཀླད་པའི་གྲུབ་རྫས་ཀྱི་ནུས་པ་ལྡན་ཡོད་ཚུལ་སྙན་སེང་ཞུས་པར་༸གོང་ས་མཆོག་གིས།  ཕུང་རྫས་ཧ་ཅང་ཕྲ་མོའི་གནས་སྐབས་སུ་དཔྱད་པ་ཡིན་ན།   ཀླད་པའི་རྫས་ཕྲ་མོ་དེ་དག་བྲག་རྡོ་དང་རྩི་ཤིང་སོགས་ཀྱི་གྲུབ་བྱའི་རྫས་གཉིས་གཅིག་པ་ཡིན་ནམ།  ཞེས་བཀའ་རྩད་མཛད་པར་ཚན་རིག་པས་རྫས་གཅིག་ཡིན་ཡང་གྲུབ་ཚུལ་མི་འདྲ་བ་ཡིན་སྐོར་སྙན་སེང་ཞུས།

༸གོང་ས་མཆོག་གིས་སླར་ཡང་ཕ་མའི་ཁུ་ཁྲག་བརྒྱ་ཆ་བརྒྱ་ནས་བརྒྱ་སྐྱོན་མེད་པ་ཞིག་དང་། གཞན་ཕྱི་ནང་གི་མཐུན་རྐྱེན་ཕུན་སུམ་ཚོགས་པའི་གནས་སྟངས་འོག་མངལ་ཆགས་རྒྱུ་ཡིན་ངེས་དགོས་སམ།  ཞེས་བཀའ་རྩད་མཛད་པར་ཚན་རིག་པས་མངལ་ཆགས་པའི་ཁྱབ་པ་གང་ཡང་མེད་སྐོར་སྙན་སེང་ཞུས།  དེར་༸གོང་ས་མཆོག་གིས་ཕ་མའི་ཁུ་ཁྲག་སྐྱོན་མེད་པ་དང་ཕྱི་ནང་གི་རྟེན་འབྲེལ་ཕུན་སུམ་འཚོགས་བཞིན་དུ་ད་དུང་མངལ་མ་ཆགས་པའི་གནས་སྟངས་དེ་འདྲ་ཡོད་ཚེ  བར་དུ་ཆོད་པའི་ཆོས་གསུམ་པ་ཞིག་ཡོད་དགོས་པར་བརྟེན་དེ་གང་ཡིན་མིན་བཀའ་རྩད་མཛད་པར་ཚན་རིག་པས།  ཕའི་ཁུ་བ་སྲོག་ལྡན་ཡིན་ཡང་དེར་ཤེས་པ་མེད་ཅེས་སྙན་སེང་ཞུས། བགྲོ་གླེང་ལས་རིམ་ཡོངས་སུ་གྲུབ་རྗེས་ཉིན་གུང་ལྗགས་སྨིན་བཞེས། 

དེ་རྗེས་༸གོང་ས་མཆོག་གིས་བྲག་གཡབ་སྐྱབས་མགོན་རིན་པོ་ཆེས་བཙུགས་པའི་བོད་ཀྱི་ཁང་པ། ཞེས་པ་དབུ་འབྱེད་མཛད་ཆེད་ས་གནས་སུ་༸ཞབས་སོར་འཁོད་སྐབས་རིན་པོ་ཆེ་མཆོག་གིས་གཙོས་ས་གནས་གྲོང་སྡེའི་སྤྱི་ཁྱབ་པ་ Uwe Becker  སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། 

བྲག་གཡབ་སྐྱབས་མགོན་རིན་པོ་ཆེ་མཆོག

དབུ་འབྱེད་ཀྱི་མཛད་སྒོ་གྲུབ་མཚམས་གྲོང་སྡེའི་སྤྱི་ཁྱབ་པ་མཆོག་གིས་ཐོག་མར་གསར་འགོད་པ་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ངོ་སྤྲོད་ཞུས་རྗེས་མགོན་པོ་གང་ཉིད་ནས་ཐོག་མར་བཀའ་སློབ་སྩལ་བསྟུན་གསར་འགོད་པའི་དྲི་བར་བཀའ་ལན་སྩལ།   དེ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེངས་འདིར་འཇར་མིན་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་ཕྱི་ཚེས་ ༡༥་ཉིན་ཨི་ཊ་ལིར་ཆིབས་༸ཞལ་བསྒྱུར་ཡོད་པ་བཅས།།

གྲོང་སྡེའི་སྤྱི་ཁྱབ་པ་མཆོག་དང་ལྷན།

                              

 

 སྐུ་པར་མཐུན་འགྱུར། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

 

Share with your friends










Submit