མདུན་ཤོག » Flash Mobile » གསར་གནས། »

༸གོང་ས་མཆོག་གིས་གསར་འགོད་ལྷན་ཚོགས་ཐོག་འབར་མའི་ཁ་ཆེའི་མི་རིགས་ཁག་གཅིག་ལ་འཕྲད་བཞིན་པའི་དཀའ་ངལ་དེར་ཐུགས་འཚབ་ཧ་ཅང་མཛད་པ།

Share with your friends










Submit

༢༠༡༧ ཟླ་ ༩ ཚེས་ ༡༢ རེས་གཟའ་མིག་དམར།

༄༅། །བྱང་ཕྱོགས་ཨ་ཡིར་ལེནྜིའི་ Northern Ireland རྒྱལ་ས་ཌེ་རི་ Derry ནང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༩ ཚེས་ ༡༡ ཉིན་གྱི་སྔ་དྲོར་ཐོག་མར་སྐུ་ཞབས་རི་ཆཌ་མོར་ Richard Moore མཆོག་ལྷན་བཅར་ཐོག་གསར་འགོད་ལྷན་ཚོགས་སུ་བཀའ་སློབ་དང་གསར་འགོད་པའི་དྲི་བར་བཀའ་ལན་མཛད་འདུག

དེ་ཡང་ངོ་སྤྲོད་མདོར་ཙམ་གྲུབ་མཚམས་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་པའི་ལས་འགན་སྐོར་བཀའ་སློབ་སྩལ་དོན། དེང་སྐབས་མང་གཙོའི་སྤྱི་ཚོགས་ནང་གསར་འགོད་པ་ཚོར་ལས་འགན་ཧ་ཅང་གལ་ཆེན་པོ་ཞིག་ཡོད་པ་ནི།  དངོས་ཡོད་གནས་ཚུལ་གཞི་ལ་བཞག་སྟེ་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུ་དེ་ཡིན།  ངོས་ཀྱིས་རྒྱ་རིགས་གྲོགས་པོ་ཚོ་དང་ཐུག་སྐབས་རྒྱ་ནག་མི་འབོར་དུང་ཕྱུར་གཅིག་ལྷག་ཡོད་པ་རྣམས་ལ་དངོས་ཡོད་གནས་ཚུལ་གང་ཡིན་པ་ཤེས་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་པ་མ་ཟད།    དངོས་ཡོད་གནས་ཚུལ་ཤེས་པའི་ཐོག་ནས་ལེགས་ཉེས་བླང་དོར་འབྱེད་རྒྱུའི་རྣམ་དཔྱོད་ཀྱང་ལྡན་ཡོད། ཅེས་བརྗོད་བཞིན་ཡོད།   དངོས་ཡོད་གནས་ཚུལ་ལ་དམ་བསྒྲགས་བཀག་སྡོམ་བྱེད་བཞིན་པའི་རྒྱ་ནག་གཞུང་གི་སྲིད་བྱུས་དེ་ནི་བཟང་སྤྱོད་དང་ཡོངས་སུ་འགལ་བ་ཞིག་རེད།    རང་དབང་ལྡན་པའི་རྒྱལ་ཁབ་ནང་གི་གསར་འགོད་པ་ཚོས་ལས་འགན་ཧ་ཅང་གལ་ཆེན་པོ་ཞིག་སྒྲུབ་བཞིན་ཡོད།

ངོས་ལ་ལས་འགན་གཙོ་བོ་གསུམ་ཡོད། ངོས་རང་ཉིད་ལ་མཚོན་ན་མི་ཞིག་ཡིན།  འོན་ཀྱང་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་འགན་དེ་ང་ཚོ་ཚང་མར་ཡོད། འགྲོ་བ་མིའི་བཟང་སྤྱོད་ཀྱི་རིན་ཐང་གོང་མཐོར་གཏོང་རྒྱུར་ངོས་ལ་ཆོད་སེམས་བརྟན་པོ་ཡོད། 

གཉིས་ནས་ངོས་རང་ནང་པའི་དགེ་སློང་ཞིག་ཡིན་སྟབས་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་དང་། དེ་བཞིན་བོད་མི་ཞིག་ཡིན་པའི་ངོས་ནས་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེའང་ངོས་ཀྱི་འགན་རེད།    ཅེས་བཀའ་སློབ་གྲུབ་བསྟུན་གསར་འགོད་པའི་དྲི་བར་བཀའ་ལན་སྩལ།

དེ་ཡང་ཐོག་མར་གསར་འགོད་པ་ཞིག་གིས་༸གོང་ས་མཆོག་ལ་ཐུགས་འདོད་ཡོད་པའི་གནས་ཚུལ་གཅིག་དང་ཐུགས་ཕམ་འབྱུང་གཞིའི་གནས་ཚུལ་གང་ཡིན་སྐོར་གྱི་དྲི་བར་བཀའ་ལན་སྩོལ་སྐབས།  འཛམ་གླིང་གི་གནས་སྟངས་འདི་ད་ལྟ་ལས་ཕྲན་བུ་ཞི་བདེ་བག་ཕེབས་ལྡན་པ་ཞིག་དང་། འཁྲུག་རྩོད་ཉུང་ཞིང་མིའི་རྒྱུན་ལྡན་འཚོ་བའི་ནང་མཚོན་ཆའི་རིགས་བཀོལ་སྤྱོད་བྱ་རྒྱུ་ཉུང་དུ་འགྲོ་ཐུབ་ན་དགོངས་པ་དང་།   ཞི་བདེ་ནི་གྲོས་མོལ་ཁོ་ནའི་ལམ་ནས་བསྐྲུན་ཐུབ་རྒྱུ་དང་། ཡ་མན་ Yemen ཡུལ་གྱི་གནས་སྟངས་དང་འབར་མའི་ Burma ནང་རོ་ཧིང་རྒྱ་ Rohingyas ཁ་ཆེའི་གནས་སྟངས་སྐོར་ཐུགས་དྲན་གསོ་མཛད་ནས་ཧ་ཅང་ཐུགས་ཕམ་མཛད་པ་དང་འབྲེལ།  གནས་སྟངས་དེ་དག་མིས་བཟོས་པ་ཞིག་ཡིན་པར་བརྟེན་དཀའ་ངལ་དེ་དག་མིའི་ཐབས་ལམ་ཐོག་ནས་སེལ་དགོས་པ་ཆོད་ཉིད་ཡིན་སྐོར་བཀའ་ལན་སྩལ། 

དེ་ནས་གསར་འགོད་པ་ཞིག་གིས་བྱང་ཀོ་རི་ཡའི་  North Korea ནང་གི་གནས་སྟངས་སྐོར་གྱི་དྲི་བར་བཀའ་ལན་སྩོལ་སྐབས་སྲིད་འཛིན་པུ་ཏིན་ Putin མཆོག་གིས་ལྷོ་བྱང་ཀོ་རི་ཡའི་དཀའ་ངལ་དེ་དག་གྲོས་མོལ་ལམ་ནས་སེལ་དགོས་པའི་བསམ་ཚུལ་དེར་རྒྱབ་སྐྱོར་མཛད་བཞིན་ཡོད་སྐོར་དང་། དྲག་པོ་དང་འཚེ་བའི་བྱ་སྤྱོད་སྤེལ་ཚེ་དཀའ་ངལ་སེལ་རྒྱུའི་ཚབ་ཏུ་ལྷོ་ཀོ་རི་ཡ་དང་ཉི་ཧོང་ནང་དུའང་དཀའ་སྡུག་ཚད་མེད་མྱང་སྲིད་པའི་སྐོར་དང་།

ལྷག་པར་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱ་རྒྱུ་ཟེར་བ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་སྟབས་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་བསྐྲུན་ཐབས་ཆེད་དོན་དམ་གྱིས་སེམས་ཁུར་བླང་དགོས་སྐོར་བཀའ་ལན་སྩལ།    

དེ་རྗེས་༸གོང་ས་མཆོག་གིས་སྟོང་ལོའི་གླེང་སྟེགས་ Millennium Forum ཞེས་པའི་ཚོགས་ཁང་དུ་སེམས་རྒྱུད་འདུལ་ཐབས་ཀྱི་སློབ་གསོ་དགོས་གལ་སྐོར་བཀའ་སློབ་སྩལ་ཡོད་པ་བཅས།།

Share with your friends










Submit