ཟླ་བ་ ༩ ཚེས ༡༨ ༢༠༡༧
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༨ རེས་གཟའ་ཟླ་བ།


༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བ་གོང་མཐོར་སླད་རླབས་ཆེན་གྱི་མཛད་རྗེས་ལ་ཨི་ཊ་ལིའི་མེ་སི་ན་གྲོང་ཁྱེར་ནས་གཟེངས་རྟགས་འབུལ་ལམ་ཞུས་འདུག

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཇར་མན་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་ཕྱི་ཚེས་ ༡༥ ཉིན་ཨི་ཊ་ལི་ལྷོ་ཕྱོགས་ཁུལ་དུ་ཆིབས་སྒྱུར་བསྐྱངས་ཏེ་སི་སི་ལི་མངའ་སྡེའི་ཀ་ཊ་ནི་ཡ་གྲོང་ཁྱེར་དུ་༸ཞབས་སོར་འཁོད་སྐབས། ཀ་ཊ་ནི་ཡ་ Catania དང་། མེ་སི་ན་ Messina གྲོང་ཁྱེར་སྤྱི་ཁྱབ་པ་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།

ཕྱི་ཚེས་ ༡༦ ཉིན་མངའ་སྡེ་དེའི་ཏོ་འོར་མི་ན་གྲོང་ཁྱེར་དུ་དུས་རབས་གསུམ་པའི་སྐབས་རྒྱག་པའི་ལོ་རྒྱུས་རང་བཞིན་ཅན་གྱི་གྷི་རིག་འཁྲབ་སྟོན་ཁང་དུ་མི་མང་ ༢༥༠༠ ལྷག་ལ་ཞི་བདེའི་སྐོར་བཀའ་སློབ་སྩལ་འདུག བཀའ་སློབ་ཀྱི་སྙིང་དོན་ཞི་བདེ་ནི་འཚེ་བའི་ཐབས་ལམ་བེད་སྤྱོད་བྱས་ནས་ཡོང་ཐབས་མེད་པ་ཞིག་ཡིན་པ་དང་། འཚེ་བའི་ཐབས་ལམ་ཀྱིས་ཁོང་ཁྲོ་སློང་རྒྱུ་མ་ཟད་འཚེ་བ་དེ་ལས་ཤུགས་ཆེ་བ་བྱ་རྒྱུའི་ཀུན་སློང་བྱ་ངེས་ཡིན། ཞི་བདེ་ངོ་མ་དེ་སེམས་ནང་དགོས་པ་ཡིན་ཞེས་བཀའ་བསྩལ་འདུག

ཕྱོགས་མཚུངས་༸གོང་ས་མཆོག་གིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ལ་བསྔགས་བརྫོད་མཛད་ཅིང་། སྒྲིག་འཛུགས་འདི་བཙུགས་པ་ནས་བཟུང་ནུབ་ཡུ་རོབ་ཕྱོགས་སུ་དམག་འཁྲུག་རིགས་བྱུང་མེད་པ་མ་ཟད། སྒྲིག་འཛུགས་ཀྱི་ཚོགས་མི་རྒྱལ་ཁབ་ཕན་ཚུན་ཞི་བདེ་ལྷིང་འཇགས་ངང་མཐུན་སྒྲིལ་ཡག་པོ་བྱུང་ཡོད་ཅེས་བཀའ་སྩལ་འདུག

བཀའ་སློབ་ཀྱི་མཛད་རིམ་དེའི་ཐོག་༸གོང་ས་མཆོག་གིས་འཛམ་གླིང་ཞི་བདེའི་སླད་སྐུ་ངལ་འཛེམས་མེད་ཐོག་མཛད་འཕྲིན་རྒྱ་ཆེ་སྐྱོང་བཞིན་པར་ཡི་རང་བསྔགས་བརྗོད་དང་།  གུས་བཀུར་མཚོན་སླད་མེ་སི་ན་གྲོང་ཁྱེར་གྱི་གཟེངས་རྟགས་འབུལ་ལམ་ཞུས་འདུག

དེ་ཉིན་བཞུགས་གནས་གསོལ་མགྲོན་ཁང་དུ་གསར་འགོད་པ་ཚོར་ཁྱུག་ཙམ་མཇལ་ཁ་སྩོལ་སྐབས་མགོན་པོ་གང་ཉིད་ཀྱི་ཐུགས་སྐྱེད་དམ་བཅའ་གཙོ་བོ་གསུམ་ངོ་སྤྲོད་དང་སྦྲགས།    ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་༸གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བ་སྲིད་སྐྱོང་བློ་བཟང་སེངྒེར་རྩིས་སྤྲོད་མཛད་སྐོར་སོགས་ངོ་སྤྲོད་མཛད།

ཕྱོགས་མཚུངས་ཕྱི་ཚེས་ ༡༧ ཉིན་མངའ་སྡེ་དེའི་ཁུལ་དུ་མང་ཚོགས་ལ་སྙིང་རྗེ་ཅན་གྱི་ཀུན་སྤྱོད་དང་རྟེན་འབྲེལ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩོལ་སྐབས་སླར་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྲོང་ཁྱེར་སྤྱི་ཁྱབ་པས་མེ་སི་ན་གྲོང་ཁྱེར་གྱི་ཞི་བདེའི་དེད་དཔོན་གྱི་གཟེངས་རྟགས་འབུལ་ལམ་ཞུས་འདུག  གཟེངས་རྟགས་ཀྱི་མཛད་སྒོའི་ཐོག་མི་མང་གྲངས་ ༡༢༠༠ ཙམ་ཕེབས་འདུག་པ་བཅས།།

Share with your friends










Submit