ཟླ་བ་ ༩ ཚེས ༨ ༢༠༡༧
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༨ རེས་གཟའ་པ་སངས།


༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་མེཀ་སི་ཀོ་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་ཀྱི་ཉིན་མཐའ་མའི་སྐབས་ཁུལ་དེའི་ Televisa TV ཞེས་པའི་གསར་འགྱུར་ཚན་པའི་གསར་འགོད་པ་རྒན་པ་ Carlos Loret de Mola མཆོག་གི་བཅར་འདྲིར་དང་ལེན་གནང་འདུག

དེ་ཡང་བཅར་འདྲིའི་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་ཁང་བླ་རུང་སྒར་དང་ཡ་ཆེན་སྒར་བཅས་སུ་ནང་ཆོས་སློབ་གཉེར་བྱེད་རྒྱུའི་རང་དབང་མེད་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱིས་བོད་དོན་བདེན་མཐའ་གསལ་ཐབས་སུ་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་མ་རྩོད་པར་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཐོབ་ཆེད་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་གསལ་ཐབས་བྱེད་བཞིན་ཡོད་པར་བརྟེན། མེཀ་སི་ཀོ་གཞུང་ནས་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་གནང་ཡོད།

གསར་འགོད་པས་བཅར་འདྲི་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་མེཀ་སི་ཀོའི་ནང་སྙན་གྲགས་ཆེ་བའི་ Iberoamericana ཞེས་པའི་གཙུག་ལག་སློབ་གཉེར་ཁང་དུ་ཕེབས་འབྱོར་སྐབས་གཙུག་ལག་སློབ་གཉེར་ཁང་གི་རེག་ཌར་གཞོན་པ་སྐུ་ཞབས་ Dr. Alejandro Guevara Sanginés ལགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་རྣམས་ལ་བོད་ཀྱི་ས་བབས་གནས་སྟངས་དང་ཁྱད་ཆོས། དེ་བཞིན་བོད་མཐོ་སྒང་ནི་ཨེ་ཤི་ཡ་གླིང་ཆེན་གྱི་ཆུ་མཛོད་ཡིན་སྐོར་དང་། རྒྱ་ནག་གཞུང་ནས་བོད་དུ་གཏེར་ཁ་སྔོག་འདོན་ཕོན་ཆེན་བྱས་པ་སོགས་ལ་བརྟེན་ལོ་ཤས་ནས་བོད་ཀྱི་འཁྱགས་རོམ་དེ་དག་ཞུར་ནས་མཐོ་སྒང་བོད་ཀྱི་ཚ་དྲོད་དེ་འཛམ་གླིང་གཞན་ལས་ལྷག་པའི་ཚ་དྲོད་འཕེལ་བཞིན་ཡོད་སྐོར་དང་།

གཞན་ཡང་སྲིད་སྐྱོང་མཆོག་གིས་བོད་བརྒྱུད་ནང་བསྟན་སློབ་གཉེར་ཁང་ཆེ་ཤོས་སུ་གྲགས་པ་བླ་རུང་སྒར་དང་ཡ་ཆེན་སྒར་བཅས་སུ་ནང་ཆོས་སློབ་གཉེར་བྱེད་རྒྱུའི་རང་བང་མེད་སྐོར་དང་། རྒྱ་ནག་གཞུང་ནས་ནང་བསྟན་སློབ་གཉེར་ཁང་དེ་གཉིས་ནང་དགེ་བཙུན་རྣམས་ཀྱི་གྲྭ་ཤག་གཏོར་བཤིག་བཏང་བ་མ་ཟད། དགེ་བཙུན་རྣམས་ཕྱིར་འབུད་བཏང་སྟེ་མ་འོངས་པར་ཡོང་མི་ཆོག་པའི་ཉེན་བརྡ་ཡང་བཏང་ཡོད་སྐོར། རྒྱ་ནག་གཞུང་ནས་བོད་ནང་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སློབ་གཉེར་བྱེད་རྒྱུར་མུ་མཐུད་བཙན་གནོན་གཏོང་བཞིན་པར་བརྟེན་བོད་མི་མང་པོ་ཞིག་གིས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་མི་བཟོད་པར་རང་ལུས་མེར་སྲེག་གཏོང་བཞིན་ཡོད་སྐོར་དང་། བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ཡོད་ནའང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་སི་རི་ཡ་དང་། བྱང་ཀོ་རི་ཡ། དེ་བཞིན་ཨབ་གྷན་གྱི་གནས་སྟངས་ལྟ་བུའི་གནས་ཚུལ་ཁྱབ་སྤེལ་ཡོང་གི་མེད་སྐོར། དེ་ལྟ་བུའི་དཀའ་ངལ་ཡོད་ནའང་བོད་མི་རྣམས་ཀྱིས་འཚེ་མེད་ཞི་བའི་ཐབས་ལམ་དང་། དྲང་བདེན། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་བཅས་ནི་དོན་དང་ལྡན་པ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་སྐོར་བཅས་གསུངས་རྗེས་སློབ་ཕྲུག་རྣམས་ཀྱི་དྲི་བར་ལན་འདེབས་གནང་རྗེས་གཙུག་ལག་སློབ་གཉེར་ཁང་གི་རླུང་འཕྲིན་ལེ་ཚན་  radio Ibero 90.9 ཡི་བཅར་འདྲིར་ལན་འདེབས་གནང་ཡོད།

དཔལ་ལྡན་སྲིད་སྐྱོང་མཆོག་མེཀ་སི་ཀོ་ནང་ཉིན་གྲངས་བཞི་ཡི་ལས་རིམ་ཁག་ཡོངས་སུ་མཇུག་སྒྲིལ་མཚམས་ཨ་རིའི་རྒྱལ་ས་ལྦ་ཤིང་ཌོན་ནང་ཕེབས་ཐོན་གནང་ཡོད་པ་བཅས། །

Share with your friends










Submit