༢༠༡༧ ཟླ་ ༨ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༢༩ རེས་གཟའ་སྤེན་པའི་ཉིན་ལྷ་རྒྱལ་རིའི་ཉེ་འགྲམ་དུ་རྡ་ས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཤིང་ཚོན་སྡེ་ཚན་གྱི་ལས་བྱེད་རྒྱལ་གཅེས་པ་པ་སངས་དོན་གྲུབ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་འདས་གྲོངས་སུ་གྱུར་བར་བརྟེན། རྒྱལ་གཅེས་པ་ཁོང་ལ་གདུང་སེམས་མཉམ་སྐྱེ་ཞུ་སླད་ཕྱི་ཟླ་ ༨ ཚེས་ ༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦ ཙམ་ལ་ལྷ་རྒྱལ་རིར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཙོས་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཙོས་སྤྱི་འཐུས་ཁག་གཅིག རྡ་ས་ས་གནས་འགོ་འཛིན། གཞན་ཡང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་འཐུས་མི། གཉུག་མར་གནས་པ་དང་གློ་བུར་དུ་ལྷག་པའི་སེར་སྐྱ་མི་མང་བཅས་ལྷན་འཛོམས་ཐོག་མྱ་ངན་གུས་འདུད་དང་སྦྲགས་མཆོད་འབུལ་སྨོན་ལམ་ཚོགས་ཡོད།
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས་གསུང་དོན། དེ་རིང་བཀའ་ཤག་འདིར་བཅར་དགོས་དོན་ནི། བོད་པ་དང་ནང་པ་ཞིག་ཡིན་པའི་ཆ་ནས་རང་ལུས་མེར་སྲེག་བཏང་བའི་སྐབས་བཙན་བྱོལ་ནང་ཡོད་པ་ཡིན་ནའང་རང་བཞིན་གྱིས་སེམས་ལ་ལྗིད་ཁོག་ཆེན་པོ་ཞིག་ཡོང་གི་ཡོད་པ་རེད། གཞི་རྩའི་རང་ལུས་མེར་སྲེག་གནང་མཁན་རྣམས་ཀྱི་ཀུན་སློང་དང་ལྷག་བསམ་ལ་ང་ཚོས་ངོས་ལེན་ཞུ་གི་ཡོད། འོན་ཀྱང་བཀའ་ཤག་ནས་བོད་ནང་ཡིན་ནའང་རང་ལུས་མེར་སྲེག་མ་གཏང་རོགས། ཞེས་གསལ་པོ་ཞུས་ཡོད།
ནང་པ་ཞིག་ཡིན་པའི་ཆ་ནས་རང་ལུས་མེར་སྲེག་གནང་ནས་འདས་གྲོངས་སུ་གྱུར་བ་ཡིན་ན་མཆོད་འབུལ་ཞུ་གི་ཡོད། བོད་ནང་ཡོད་པའི་བོད་མི་ཚོའི་མངོན་འདོད་སྒྲུབ་པའི་དོན་དུ་ང་ཚོས་འབད་བརྩོན་ཞུ་གི་ཡིན་ཞེས་ཞུས་ཀྱི་ཡོད། ཡིན་ནའང་བཙན་བྱོལ་ནང་ལ་ཡོད་པའི་བོད་མི་ཚོ་ལ་དེ་སྔ་ནས་ཞུས་པ་ཡིན། ད་རེས་ནན་ཏན་ཐོག་ནས་ཞུ་རྒྱུ་ཞིག་ལ་ང་ཚོ་བཙན་བྱོལ་ནང་ཡོད་སྟབས། ལས་འགུལ་གང་འདྲ་ཞིག་སྤེལ་བ་ཡིན་ནའང་རང་དབང་ཆ་ཚང་ཡོད་པར་བརྟེན། སོ་སོའི་ལུས་སྲོག་རྩ་ཆེན་པོ་ཡིན་པ་ངོས་འཛིན་པའི་ཐོག་ནས་མི་ཚེ་སྐྱེལ་ནས་རྩ་དོན་རྩོད་ཆེད་ལས་འགུལ་སྤེལ་ནས་བཞུགས་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེ། རྒྱུ་མཚན་འདིར་བརྟེན་ང་ཚོས་བཙན་བྱོལ་ནང་ཡོད་པའི་རང་ལུས་མེར་སྲེག་གནང་མཁན་རྣམས་ལ་ང་ཚོས་མོས་མཐུན་རྩ་བ་ནས་མེད། མ་གནང་རོགས་གནང་ཞེས་དེ་སྔ་ནས་ཞུས་པ་ཡིན། ད་རེས་ནན་ཏན་ཐོག་ནས་ཞུ་གི་ཡོད།
དམིགས་བསལ་ཉེ་ཆར་རང་ལུས་མེར་སྲེག་བཏང་པ་རེད། དེ་རིང་ཡང་བྱུང་པ་རེད། ཕ་མ་ཚོ་ཡིན་ནའང་ག་རེ་གསུང་གི་འདུག་ཞུས་ན། སོ་སོ་ཕྲུ་གུས་རང་ལུས་མེར་སྲེག་བཏང་སོང་། དེ་ལ་འགྱོད་པ་མེད་དེ་གཞོན་སྐྱེས་ཚོས་སོ་སོས་གནང་ཐུབ་པ་ཤེས་ཡོན་ཐོག་དོ་སྣང་གནང་སྟེ་ཤེས་ཡོན་མཐར་ཕྱིན་པ་བྱེད་ནས་ཤེས་འཇོན་གཉིས་ལྡན་ཐོག་ནས་སྐུ་ལས་བསྐྱོན་རོགས་གནང་། རང་ལུས་མེར་སྲེག་མ་གཏང་རོགས་གནང་ཞེས་བཀའ་ཤག་ནས་ཞུས་པ་དང་གཅིག་པ་ཆགས་ཀྱི་འདུག དམིགས་བསལ་གཞོན་སྐྱེས་ཚོས་དགོངས་པ་བཞེས་དགོས་རྒྱུ་གལ་ཆེན་པོ་རེད། ཤེས་ཡོན་དང་རིག་གཞུང་། སྐད་ཡིག་ཐོག་ཐུགས་སྣང་གནང་བའི་ཐོག་ནས་བོད་སྤྱི་པའི་རྩ་དོན་ཆེད་དུ་མི་ཚེ་ཧྲིལ་པོ་བཞུགས་ནས་ཞབས་ཕྱི་ཞུ་རྒྱུར་དགོངས་པ་བཞེས་རོགས་གནང་།
དེ་མིན་བཙན་བྱོལ་ནང་རང་དབང་ཆ་ཚང་ཡོད་པའི་ཐོག་ནས་ད་དུས་རང་ལུས་མེར་སྲེག་བཏང་པ་ཡིན་ན་ཧ་ལས་པའི་བློ་ཕམ་པོ་རེད། དེར་བརྟེན་རང་ལུས་མེར་སྲེག་མ་གནང་རོགས་གནང་ཞེས་ནན་ཏན་འབོད་སྐུལ་ཞུ་རྒྱུ་ཡིན། དེ་སྔ་ནས་བཀའ་ཤག་ནང་བཀའ་བསྡུར་རིམ་པ་བྱུང་པའི་ནང་། ཕྱོགས་གཅིག་ནས་ང་ཚོས་བཙན་བྱོལ་ནང་རང་ལུས་མེར་སྲེག་གཏང་བ་ཡིན་ན་མོས་མཐུན་མེད་ཞུ་གི་ཡོད་རེད། ཡིན་ནའང་དེ་འདྲ་བྱུང་བའི་སྐབས་བོད་པ་ཞིག་ཡིན་པའི་ཆ་ནས་གདུང་སེམས་མཉམ་སྐྱེ་གནང་དགོས་ཀྱི་ཡོད་སྟབས་ང་ཚོ་བཅར་གྱི་ཡོད། བཀའ་ཤག་ནང་བཀའ་བསྡུར་བྱུང་ནས་རིམ་པས་བཀའ་བློན་རྣམས་དང་བཀའ་ཤག་ནས་བཙན་བྱོལ་ནང་རང་ལུས་མེར་སྲེག་བཏང་བའི་སྐབས་མ་བཅར་ན། ཞེས་བཀའ་བསྡུར་ཡོང་གི་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱའི་ནང་མ་སྟོན་ན་ཞེས་གྲོས་བསྡུར་ཡོང་གི་འདུག དེའི་ཐོག་ད་ལྟ་ཐག་ཆོད་མེད་པ་རེད། ཡིན་ནའང་རིམ་པས་ཐག་གཅོད་དགོས་ངེས་བསམ་པ་རེད་འདུག
གང་ལ་ཞེ་ན་ང་ཚོས་བཅར་དུས་ཕྱོགས་གཅིག་ནས་རང་ལུས་མེར་སྲེག་མ་བཏང་ཞེས་ཟེར་གྱི་འདུག ཡང་སྲིད་སྐྱོང་གིས་གཙོས་བཀའ་བློན་རྣམ་པ་བཅར་གྱི་འདུག་ཞེས་མི་མང་ནང་ལ་གོ་ནོར་ཐེབས་ཀྱི་མེད་ན་སྙམ། དེར་བརྟེན་མ་འོངས་པར་བཀའ་ཤག་མ་བཅར་བ་དང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱའི་ནང་མ་སྟོན་ནས་བཞག་པ་ཡིན་ན། བོད་པའི་གཞོན་སྐྱེས་ཚོ་ལ་བརྡ་ལན་གསལ་པོ་འཕྲོད་ནས་སོ་སོའི་རྩ་ཆེ་བའི་ལུས་སྲོག་སྐྱོབ་རོགས་གནང་། སློབ་སྦྱོང་གནང་རོགས། མུ་མཐུད་ནས་རྩ་དོན་རྩོད་རྒྱུ་གལ་ཆེ། ང་ཚོ་བོད་མི་མི་འབོར་ཉུང་ཤས་ལས་མེད་པ་འདི་ཐུགས་ལ་ངེས་རོགས་གནང་ཞེས་དམིགས་བསལ་གཞོན་སྐྱེས་རྣམས་ལ་ནན་ཏན་ཐོག་ནས་འབོད་སྐུལ་ཞུ་རྒྱུ་འདི་ཡིན།
འཛིན་སྐྱོང་བཀའ་ཤག་ངོས་ནས་རང་ལུས་མེར་སྲེག་གི་ལས་འགུལ་འགོག་ཆེད་ཐབས་ལམ་གཞན་གང་ཡོད་ཅེས་དྲི་བར་དཔལ་ལྡན་སྲིད་སྐྱོང་མཆོག་ནས་གསུང་དོན། ད་ལྟ་རང་ལུས་མེར་སྲེག་གནང་མཁན་གཞོན་སྐྱེས་ལྟ་བུར་མཚོན་ན་སློབ་སྦྱོང་བྱེད་བཞིན་པ་ཡིན་སྟབས། ང་ཚོས་སློབ་སྦྱོང་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོར་རྩི་བཞིན་ཡོད། དེ་ནས་བོད་པའི་སྐད་ཡིག་རིག་གཞུང་མི་ཉམས་གོང་འཕེལ་དང་། བོད་མི་རིགས་ཀྱི་ངོ་བོ་འདི་མ་རླག་པ་བྱ་རྒྱུ་གལ་ཆེན་པོ་རེད་ཞུ་རྒྱུ་ཡིན།
ཆབ་སྲིད་ཐོག་ནས་ཞུས་ན་ཐབས་ལམ་གཞན་འདྲ་མིན་ཡོད། དཔེར་ན་ཕྱི་རྒྱལ་ཁག་གི་གྲོས་ཚོགས་ནང་བཅར་ནས་ཞུ་གཏུག་བྱ་རྒྱུ་དང་། ལྷག་པར་བོད་རིགས་གཞོན་སྐྱེས་ཚོས་རང་གི་གནས་ཡུལ་རྒྱལ་ཁབ་སོ་སོའི་སྲིད་གཞུང་ནང་འཛུལ་ཐུབ་པ་དགོས་ཀྱི་འདུག་ཅེས་ངས་དེ་སྔ་ནས་བརྗོད་བཞིན་ཡོད། སློབ་སྦྱོང་མཐར་ཕྱིན་ནས་ཨ་རི་སོགས་གཞུང་གང་འདྲ་ཞིག་ཡིན་རུང་གཞུང་གི་སྒྲིག་འཛུགས་ནང་ལ་འཛུལ་ནས་ཕྱི་སྲིད་ལས་ཁུངས་སོགས་ལས་ཁུངས་ནང་ལ་བཅར་བ་བརྒྱུད་གཞུང་འབྲེལ་གྱི་ནུས་པ་རྣམས་ང་ཚོས་ཚུར་སྤུངས་ཐུབ་པ་དགོས་ཀྱི་འདུག
གཉིས་པ་ནི་ཚོགས་པ་ཁག་ནང་ཆ་ཤས་ལེན་ནས་ཆབ་སྲིད་ཀྱི་ལས་འགུལ་འདྲ་མིན་སྣ་ཚོགས་སྤེལ་རྒྱུ་ཡོད། སློབ་གྲྭ་ཡོད་པའི་གནས་སྐབས་སུའང་ལོ་རེར་རབ་བྱུང་ན་ཟླ་རེར་བོད་དོན་ཐོག་ལས་འགུལ་སྤེལ་ཐབས་དང་། དཔེར་ན་བོད་དོན་ཐོག་མཁས་དབང་གདན་འདྲེན་ཞུས་ནས་བགྲོ་གླེང་གི་ལས་རིམ་ཡང་སྤེལ་རྒྱུ་ཡོད། བོད་མིའི་སྒྲིག་འཛུགས་ལ་མཚོན་ན། བོད་ཀྱི་དུས་སྟོན། festival of Tibet ཞེས་པའི་ལས་རིམ་ཐོག་རྒྱ་གར་མཁས་དབང་གདན་འདྲེན་ཞུ་རྒྱུ་སོགས་གནང་བཞིན་ཡོད་པ་དེ་དག་ཐོག་ལའང་ཆ་ཤས་ལེན་རྒྱུ་ཡོད། འདིས་རྒྱ་གར་སྤྱི་ཡོངས་ནང་གོ་རྟོགས་སྤེལ་ཐུབ་རྒྱུ་རེད། གཞན་ཡང་བོད་དོན་སྐོར་ལ་རྩོམ་ཡིག་སྤེལ་ནས་ཐོག་མར་སློབ་གྲྭའི་དུས་དེབ་ནང་འདོན་སྤེལ་དང་། དེ་ནས་རིམ་བཞིན་མངའ་སྡེ་དང་། རྒྱལ་ནང་། མཐར་རྒྱལ་སྤྱིའི་ཚགས་པར་ཐོག་འདོན་སྤེལ་བྱས་པ་བརྒྱུད་བོད་དོན་གོ་རྟོགས་སྤེལ་ཐུབ་པ་བྱེད་དགོས། འདི་དང་འདིས་མཚོན་ཆབ་སྲིད་ཀྱི་ལས་འགུལ་འདྲ་མིན་སྣ་ཚོགས་སྤེལ་རྒྱུ་ཡོད། དེ་འདྲ་ཡིན་སྟབས་ཆབ་སྲིད་ཐོག་ནས་རང་ལུས་མེར་སྲེག་ཕུད་པས་ལས་འགུལ་མང་པོ་སྤེལ་རྒྱུ་ཡོད་པ་ཤེས་དགོས། འདིའི་ཐོག་ངེས་པར་དུ་དགོངས་པ་བཞེས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས།།