༢༠༡༧ ཟླ་ ༨ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་དགོན་ཚོགས་ནས་གསོལ་སྟོན་འདེགས་འབུལ་ཞུས་པའི་སྐབས་བཀའ་སློབ་སྩལ་དོན། འདིར་ལ་དྭགས་སུ་ཟླ་བ་གཅིག་ལྷག་ཙམ་རིང་བསྡད་དེ་དེ་རིང་ཁྱེད་རང་ཚོས་གསོལ་སྟོན་གནང་བ་རེད། ཐུགས་རྗེ་ཆེ་ཞུ་གི་ཡིན། དེ་བཞིན་སློབ་གྲྭ་ཁག་འགའ་ཤས་ནས་གཞས་དང་ཞབས་བྲོ། ཟློས་གར་འཁྲབ་པར་ཐུགས་རྗེ་ཆེ་ཞུ་གི་ཡིན།
འདིར་ཟླ་བ་གཅིག་ལྷག་ཙམ་སྡོད་པའི་རིང་ལ་དྭགས་ཡུལ་ལུང་ཡར་རྒྱས་འགྲོ་དང་འགྲོ་བཞིན་པ་རེད་འདུག དེ་བཞིན་ལྡུམ་ར་དང་ཟངས་དཀར་ཁུལ་དུ་ཡིན་ནའང་ཡར་རྒྱས་འགྲོ་བཞིན་འདུག དེ་དང་ཆབས་ཅིག་ཡུལ་མི་སེར་སྐྱ་ཚང་མ་ཧ་ལམབརྗོད་ཆོག གང་ལྟར་བརྒྱ་ཆ་ ༩༩ ཡིས་དད་པ་རྩེ་གཅིག་ཏུ་ཡོད་པ་རེད་འདུག ངོས་ཀྱིས་རྟག་པར་བཤད་བཞིན་པ་དེ་རེད། ངོས་ཀྱི་ཉམས་མྱོང་ཐོག་ནས་ཀྱང་དབང་རྟུལ་དད་པའི་རྗེས་འབྲང་དང་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞེས་སྔར་ནས་དེ་ལྟར་ཡོང་གི་ཡོད། ང་ཚོ་དུས་རབས་ ༢༡ ལ་སླེབ་ནས་ཕྱི་དངོས་པོ་ཡར་རྒྱས་ཧ་ཅང་ཆེན་པོ་འགྲོ་བཞིན་ཡོད་པ་དང་ཆབས་ཅིག་ཚན་རིག་དང་འབྲེལ་བའི་ཤེས་ཡོན་ཡར་རྒྱས་འགྲོ་བཞིན་ཡོད་པའི་སྐབས་འདིར་སངས་རྒྱས་ཀྱི་ཆོས་ལ་དད་པ་བྱེད་རྒྱུ་དེ་ངེས་པར་དུ་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་དད་པ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ངོས་ཀྱིས་ནམ་རྒྱུན་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆོས་འབྲེལ་བྱེད་པའི་སྐབས་རྟག་པར་བཤད་ཀྱི་ཡོད། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་ཐོག་ནས་ཕྱིན་པ་ཡིན་ན། སངས་རྒྱས་ཀྱི་བསྟན་པ་ཚན་རིག་གི་རིག་གནས་ཡར་རྒྱས་ཕྱིན་པ་དང་མཉམ་དུ་འགྲོ་ཐུབ་རྒྱུ་ཞིག་ཆགས་ཀྱི་ཡོད། སྔ་མོ་ཚན་རིག་པ་གྲགས་ཅན་སྐུ་ཞབས་ཨཡེན་སི་ཊེན་ Einstein གྱིས་ཚན་རིག་དང་མཉམ་དུ་འགྲོ་ཐུབ་མཁན་གྱི་ཆོས་ནི་སངས་རྒྱས་པའི་ཆོས་དེ་རེད་འདུག ཅེས་དེ་ལྟར་བཤད་ཡོད། དེང་སྐབས་ཡིན་ནའང་ཚན་རིག་པ་མང་པོ་ཞིག་གིས་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་འགྲེལ་བཤད་རྒྱག་དུས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག དེར་བརྟེན་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་འགྲོ་སྟངས་བྱེད་ནས་ཕྱིན་པ་ཡིན་ན། སངས་རྒྱས་ཀྱི་བསྟན་པ་ལོ་བརྒྱ་ཕྲག་འགའ་ཤས་གནས་ཐུབ་རྒྱུ་ཕལ་ཆེར་ཐག་ཆོད་པ་རེད།
དབང་རྟུལ་དད་པའི་རྗེས་འབྲང་བྱེད་ནས་ཕྱིན་པ་ཡིན་ན། གང་ཙམ་ནས་ཆོས་བྱེད་མཁན་ལ་ཚུར་རྩེད་མོ་རྩེད་སའི་བཟོ་འདྲ་བོ་ཞིག་དང་། ཁྱད་གསོད་བྱེད་ས་དང་ལྟས་མོ་བལྟ་སའི་བཟོ་འདྲ་བོ་ཞིག་ཆགས་ཀྱི་རེད། དེར་བརྟེན་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཧི་མཱ་ལ་ཡའི་རི་རྒྱུད་ཤར་མོན་ནས་ནུབ་ལ་དྭགས་བར་དུ་གངས་ཅན་བོད་ཀྱི་ཆོས་བརྒྱུད་དེ་ཆགས་ཀྱི་ཡོད། བོད་ཀྱི་ཆོས་བརྒྱུད་འདི་མཁན་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཆགས་ཡོད། འདི་མཁན་ཆེན་ཞི་བ་འཚོས་ང་ཚོར་ལམ་སྟོན་གནང་བ་ནང་བཞིན་ཡག་པོ་གཟུང་ཐུབ་ན་དངོས་གནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་རིགས་པའི་ལམ་ནས་གཞི་དང་ལམ། འབྲས་བུའི་རྣམ་གཞག་གཏན་ལ་དབབ་ཐུབ་རྒྱུ་ཞིག་ཡོང་གི་ཡོད། དེར་བརྟེན་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
སྔ་མོ་ང་ཚོ་བོད་ཀྱི་སྤྱིར་བཏང་སྤྱི་ཚོགས་ནང་ཆོས་ཡོང་སྟངས་དེ་ Lamaism ཞེས་བླ་མའི་ཆོས་ལུགས་ཀྱི་མིང་བཏགས་ནས་ལྟས་མི་བལྟ་སའི་བཟོ་འདྲ་བོ་བརྩིས་ཀྱི་འདུག སྔ་མོ་བོད་ལ་འགྲོ་མྱོང་མཁན་མི་དེ་ཚོའི་གྲས་ཀྱིས་དཔར་བརྒྱབ་པ་དང་ལོ་རྒྱུས་བྲིས་པའི་བཟོ་འདྲ་བོ་དེ་ཚོ་ཕར་ལྟས་མོ་བལྟས་པའི་བཟོ་འདྲ་བོ་མ་གཏོགས་ཆོས་དེ་སོ་སོའི་ཉམས་སུ་བླངས་ནས་སོ་སོར་ཕན་ཐོགས་ཡོང་གི་རེད་སྙམ་པ་ཧ་ལམ་མེད། བར་སྐབས་ནས་སངས་རྒྱས་པའི་ཆོས་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་གནས་ཚུལ་མཐོང་སྟེ་བྲོ་བ་མྱོང་བའི་སྐབས་སུ་ཆོས་འདི་ལ་དོན་གཉེར་བྱེད་མཁན་ཚན་རིག་པའི་ནང་ནས་ཡོང་བཞིན་འདུག
སྤྱིར་བཏང་ལྷ་མེད་སྨྲ་བ་ཞེས་ཆོས་ཁས་མི་ལེན་མཁན་དེ་འདྲའི་ནང་ནས་སངས་རྒྱས་པའི་ཆོས་འདི་མི་འདྲ་བ་ཞིག་འདུག ཅེས་དང་། དེ་བཞིན་ནུབ་ཕྱོགས་པའི་མཁས་དབང་དེ་འདྲ་འགའ་ཤས་ཀྱིས་སངས་རྒྱས་པའི་ཆོས་འདི་བསམ་བློའི་ཚན་རིག་ཡིན་པ་ལས་སྤྱིར་སྟངས་ཀྱི་ཆོས་ཤིག་མིན་སྐོར་བརྗོད་ཀྱི་འདུག
ངོས་ཀྱི་ལས་འགན་གཅིག་ནི་ཆོས་ལུགས་མཐུན་འབྲེལ་འདི་བརྩི་བཞིན་ཡོད། ལ་དྭགས་སུ་ཁྱེད་རང་ཚོ་ནང་པ་དང་ཁ་ཆེ། ཡི་ཤུ་ཆོས་ལུགས་བྱེད་མཁན་ཚོ་རེད། འདིར་ཡོད་པ་ཁྱེད་རང་ཚོ་ཕལ་ཆེར་མཐུན་པོ་ཧ་ཅང་ཡག་པོ་ཡོད་པའི་བཟོ་འདྲ་ཞིག་འདུག འདི་ཁྱེད་རང་ཚོའི་རིན་ཐང་ཞིག་རེད། སྤྱི་ཚོགས་གཅིག་གི་ནང་སོ་སོའི་ཆོས་དད་མི་འདྲ་བ་ཡིན་ཡང་སྤྱི་ཚོགས་གཅིག་གི་མི་ཞིག་ཡིན་བསམ་པའི་འདུ་ཤེས་ Sense of Community དེ་ཡག་པོ་འཛིན་དགོས་པ་འདི་ཧ་ཅང་གལ་ཆེན་པོ་རེད། ད་ལྟ་ཡག་ཐག་ཆོད་འདུག ད་དུང་ཡིན་ནའང་འདི་ཁྱེད་རང་ཚོས་ཟབ་ཟབ་བྱེད་རོགས། ཞེས་བཀའ་སློབ་སྩལ།།