ཟླ་བ་ ༨ ཚེས ༡༧ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༨ ཚེས་ ༡༦ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་དབུས་གཞུང་གིས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཕྱི་ལོ་ ༢༠༡༤ ཞེས་པ་དེ་ད་བར་རྒྱ་གར་མངའ་སྡེ་ཧི་མཱ་ཅལ་པར་དེ་ཤི་དང་།  ཨཏྟར་ཁནྜ།  ཀར་ན་ཊ་ཀ་བཅས་ཀྱི་ནང་གཏན་འབེབས་གནང་བ་ལྟར། ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༢ ཉིན་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་པར་དེ་ཤི་ Arunachal Pradesh མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་གི་དབུ་ཁྲིད་འོག་མངའ་སྡེའི་གཞུང་གིས་སྲིད་བྱུས་དེ་གཏན་འབེབས་གནང་བའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་མཚན་ཐོག་ཕྱག་བྲིས་ཤིག་ཕུལ་གནང་འདུག་པ་དེའི་ནང་འཁོད་དོན།   ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༢ ཉིན་འདི་ག་མངའ་སྡེའི་བཀའ་ཤག་ལྷན་ཚོགས་ཐོག་ང་དང་ངའི་ལས་རོགས་རྣམས་ཀྱིས།  བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཕྱི་ལོ་ ༢༠༡༤ ཞེས་པ་འདི་མངའ་སྡེའི་ནང་གཏན་འབེབས་ལག་བསྟར་ཞུ་རྒྱུའི་ཐག་གཅོད་བྱུང་བའི་སྐོར་ངས་སྐུ་ཉིད་མཆོག་ལ་དགའ་པོའི་ཐོག་ནས་ཞུ་རྒྱུ་ཡིན།

སྐུ་ཉིད་མཆོག་གིས་མཁྱེན་གསལ་ལྟར་ཨ་རུ་ནཱ་ཅལ་མངའ་སྡེ་ནི་རྒྱ་གར་ནང་བོད་མི་བཙན་བྱོལ་བ་འདུ་སྡོད་བྱ་ཡུལ་ཆེ་ཤོས་བཞི་པ་དེ་ཆགས་ཡོད། དེ་ཡང་མེའོ་དང་ཏེ་ཛུ།  ཀྲུ་ཀྲིང་། བསྟན་འཛིན་སྒང་བཅས་ཡིན། དེར་བརྟེན་ས་གནས་དེ་དག་ནང་གནས་སྡོད་བྱེད་བཞིན་པའི་བཙན་བྱོལ་བོད་མི་གཞོན་སྐྱེས་རྣམས་ལ་གོ་སྐབས་དང་མཐུན་འགྱུར་ཇེ་བཟང་དུ་གཏོང་ཆེད་ངའི་བཀའ་ཤག་གིས་རྒྱ་གར་དབུས་གཞུང་གིས་གཏན་ལ་ཕབ་པའི་སྲིད་བྱུས་འདི་ཉིད་ལག་བསྟར་བྱ་རྒྱུ་ཡིན། ཞེས་འཁོད།
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཀྱང་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་ལ་ཐུགས་རྗེ་ཆེ་ཞུ་བ་དང་ལྷན་གསུང་དོན། ༸གོང་ས་མཆོག་ལ་དད་གུས་ཤུགས་ཆེ་ཞུ་མཁན་དང་བོད་མིར་ཧ་ཅང་སེམས་ཐག་ཉེ་བོ་གནང་མཁན་ངའི་བརྩེ་བའི་གྲོགས་པོ་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་ལ་ངས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཨ་རུ་ནཱ་ཅལ་མངའ་སྡེ་ལྟ་བུར་མཚོན་ན། ལོ་རྒྱུས་ཐོག་ནས་བོད་མི་ཚོ་དང་འབྲེལ་བ་ཧ་ཅང་ཤུགས་ཆེན་པོ་ཡོད། དེར་བརྟེན་ཐེངས་འདིར་བོད་མིར་རྒྱབ་སྐྱོར་གྱི་སྲིད་བྱུས་གཏན་འབེབས་གནང་བ་དེས་ཕྱོགས་གཉིས་དབར་མཛའ་འབྲེལ་དང་ངོ་ཤེས་ཀྱི་འདུ་ཤེས་ད་དུང་ཤུགས་ཆེ་རུ་འགྲོ་རྒྱུ་རེད།  ཐེངས་འདིར་གོ་སྐབས་འདིའི་བརྒྱུད་ངས་སྐུ་ཉིད་མཆོག་གི་ཡབ་དམ་པ་དང་དེ་སྔའི་ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་རྡོ་རྗེ་མཁའ་འགྲོ་མཆོག་རྗེས་དྲན་ཞུ་བ་དང་འབྲེལ།  དམ་པ་ཁོང་གིས་མངའ་སྡེའི་ནང་གི་བོད་མི་རྣམས་ལ་རོགས་རམ་དང་ཕན་གྲོགས་རྒྱ་ཆེ་གནང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།  དམ་པ་ཁོང་ནི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྲགས་ཅན་ཁོང་ནས་གཅིག་ཡིན་པ་མ་ཟད།  དུས་རྟག་ཏུ་མི་མང་གི་བདེ་སྡུག་ལ་ཐུགས་ཁུར་ཆེ་ཞིང་སྐུ་ཚེ་ཧྲིལ་པོའི་རིང་༸གོང་ས་མཆོག་ལ་དད་གུས་ཆེན་པོས་བཀའ་གསུང་ཅི་སྒྲུབ་ཞུ་མཁན་ཞིག་ཀྱང་ཡིན། ཞེས་གསུངས།

སྤྱིར་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་བཙན་བྱོལ་བོད་མིའི་གཞིས་ཆགས་མོན་གྷོ་འདོད་རྒུ་གླིང་དང་ཧོན་སུར་རབ་རྒྱས་གླིང་ནང་ས་ཞིང་བོགས་གཏོང་གི་གན་རྒྱ་བཞག་ཐུབ་པ་དེ་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཡིན། །

Share with your friends










Submit