ཟླ་བ་ ༨ ཚེས ༣༡ ༢༠༡༧
Published By Kalsang Dekyi

༢༠༡༧ ཟླ་ ༨ ཚེས་ ༣༡ རེས་གཟའ་ཕུར་བུ།

 ༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༢༨ དང་ ༢༩ བཅས་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་རྟེན་གཞི་བྱས་པའི་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་དཔའ་བོའི་དྲན་རྟེན་ཚོགས་ཁང་དུ་སྤྱི་ཚོགས་འབྲེལ་ལམ་ཞིབ་འཇུག་དང་ལྟ་རྟོག་བྱ་ཚུལ་གྱི་ཟབ་སྦྱོང་ནང་ས་གནས་ཁག་ ༢༢ ནས་ས་གནས་འགོ་འཛིན་དང་། སྨན་ཁང་གི་འགན་འཛིན་དང་སྨན་ཞབས་པ། དེ་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཁག་གཅིག་བཅས་ཁྱོན་ཚོགས་བཅར་བ་མི་གྲངས་ ༢༧ མཉམ་ཞུགས་གནང་ཡོད།

ཐེངས་འདིའི་ཟབ་སྦྱོང་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་བྱམས་པ་ཕུན་ཚོགས་ལགས་ཀྱིས་དབུ་འབྱེད་གནང་ཡོད་པ་མ་ཟད། ཚོགས་བཅར་བ་རྣམས་ལ་ཟབ་སྦྱོང་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་དང་འབྲེལ་ས་གནས་འགོ་འཛིན་རྣམས་ཀྱིས་སྤྱི་ཚོགས་འབྲེལ་ལམ་ཞིབ་འཇུག་དང་ལྟ་རྟོག་བྱ་ཚུལ་ཐོག་གི་ལས་འགན་གལ་གནད་སྐོར་སོགས་ངོ་སྤྲོད་གནང་ཡོད། 

ཉིན་གྲངས་གཉིས་རིང་གི་ཟབ་འཁྲིད་པ་སྐུ་ཞབས་ལྦི་ཀ་སི་ Vikas ལགས་དང་ལྕམ་ནུར་ Noor ལགས་ཀྱིས་གལ་ཆེའི་བརྗོད་གཞི་སྤྱི་ཚོགས་འབྲེལ་ལམ་ཞིབ་འཇུག་དང་ལྟ་རྟོག་བྱ་ཚུལ་གང་འདྲ་ཡིན་མིན་སྐོར་དང་། དེ་བཞིན་ས་གནས་སོ་སོའི་ནང་འཕྲོད་བསྟེན་ཐོག་དཀའ་ངལ་འཕྲད་བཞིན་པ་ཁག་གི་ཐོག་གོ་བསྡུར་ལྷུག་པོ་གནང་ཡོད་པ་མ་ཟད་། ལྷག་པར་སྡེ་ཚན་སོ་སོ་རུ་ཁག་རུ་དབྱེ་སྟེ་འཕྲོད་བསྟེན་གྱི་གནད་དོན་ཐོག་འགྲེམས་སྟོན་གནང་ནས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ལག་བསྟར་དང་ལྡན་པའི་འཆར་གཞི་གང་འདྲ་བཟོ་མིན་ཐད་གོ་བསྡུར་གནང་ཡོད།

མཐར་ཟུང་དྲུང་བྱམས་པ་ཕུན་ཚོགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་ཚོགས་བཅར་བ་རྣམས་ལ་ཟབ་སྦྱོང་ནང་གང་ཤེས་པ་རྣམས་ས་གནས་སོ་སོའི་ནང་འཕྲོད་བསྟེན་གྱི་གནས་སྟངས་ཡར་རྒྱས་ཡོང་སླད་ལག་བསྟར་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་བཅས། ། 

Share with your friends










Submit