མདུན་ཤོག » Flash Mobile » བརྒྱུད་ལམ་གཞན་གྱི་གསར་གནས། »

སྒོ་དམར་ཆོས་འཕེལ་ཀློད་གྲོལ་བཏང་ཡོད་པའི་གནས་ཚུལ་ཐོན།

Share with your friends










Submit
༢༠༡༧ ཟླ་ ༨ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །བརྒྱུད་ལམ་གཞན་གྱིས་གནས་ཚུལ་སྤེལ་དོན་ལྟར་ན། དགེ་འདུན་པ་སྒོ་དམར་ཆོས་འཕེལ་ལགས་ནི་སྒོ་དམར་སྡེ་བའི་ཕ་ཀླུ་བྱམས་ཀྱི་བུ་ཡིན་ཞིང་། ད་ལྟ་དགུང་ལོ་ ༤༨ ཡིན་ལ།  རེབ་གོང་རོང་པོ་དགོན་ཆེན་ཐོས་བསམ་ནོར་གླིང་གྲྭ་ཚང་ནས་ཡིན་པ་དང་། རྒྱུན་དུ་ཡ་རབས་ཚུལ་མཐུན་དང་སློབ་སྦྱོང་ལ་བརྩོན་པ་ཧུར་བསྐྱེད་གནང་མཁན་ཞིག་ཡིན་འདུག
དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༠ ཙམ་ལ་རེབ་གོང་ཐུན་རིན་རྫོང་ཉེན་རྟོག་པས་ཁོང་གི་བཞུགས་ཤག་ཏུ་སྔོག་བཤེར་བྱས་ཏེ།  ༧གོང་ས་མཆོག་གི་སྐུ་པར་བཤམས་ཡོད་པ་ནག་ཉེས་སུ་རྩིས་ཏེ་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ཟླ་ངོ ༦ ལྷག་བཀག་ཉར་བྱས། ཕྱི་ལོ ༢༠༡༦ ཟླ ༡ ཚེས་ ༡༧ ཉིན་རྨ་ལྷོ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ཆ་འཕྲིན་བརྒྱུད་ལམ་ཁག་ཏུ་༧གོང་ས་མཆོག་གི་སྐུ་པར་བརྒྱུད་གཏོང་བ་དང་ཉར་ཚགས་བྱས་ཏེ། སྤྱི་ཚོགས་བརྟན་ལྷིང་དང་རྒྱལ་ཁབ་ཁ་བྲལ་གཏོང་བའི་བྱ་སྤྱོད་སྤེལ་ཡོད་པའི་ཉེས་མིང་འོག་ལོ་གཉིས་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ། མཚོ་སྔོན་ཞིང་ཆེན་མུན་ཡོན་རྫོང་ཁོངས་ཀྱི་ཞིང་ལས་ར་བ་ཞེས་བཏགས་པའི་བཙོན་ཁང་ཞིག་དུ་བཅུག  བཙོན་ཁང་ནང་དུ་ནང་མི་གཉེན་སྤུན་ཚོར་ཟླ་རེར་ཐེངས་གཅིག་རེར་ཐུག་ཏུ་བཅུག་ཡོད་པ་དང་། ཐུག་འཕྲད་སྐབས་རྒྱ་སྐད་བཤད་ན་སྐར་མ་ ༣༠ ཁ་བརྡ་བྱེད་ཆོག་པ་དང་། བོད་སྐད་བཤད་ན་སྐར་མ་ ༥ ལས་བཤད་བཅུག་མེད་པ་རེད།
དགེ་འདུན་པ་སྒོ་དམར་ཆོས་འཕེལ་ལགས་ཟླ་བ་ ༧ པའི་ནང་བཙོན་ཁང་ནས་ཀློད་གྲོལ་བཏང་ཡོད་པ་དང་། ད་ལྟ་ཁོང་རོང་པོ་དགོན་ཆེན་གྱི་ཚོགས་དང་ཆོས་ར་སོགས་སུ་ཕེབས་ཀྱི་ཡོད་ཀྱང་། གནས་སྐབས་རིང་ས་གནས་གཞན་ལ་གང་འདོད་དུ་འགྲོ་བསྐྱོད་མི་ཆོག་པར་ས་གནས་ཉེན་རྟོག་པས་ལྟ་རྟོག་འོག་བཞག་ཡོད། ཁོང་ཀློད་གྲོལ་ཐོབ་སྟེ་རང་ཡུལ་དུ་འབྱོར་སྐབས་ས་གནས་ཀྱི་དགེ་འདུན་པ་དང་ནང་མི་སོགས་ཀྱིས་ཕེབས་བསུ་ཞུས་ཡོད་ཀྱང་། ཁོང་ཚོར་པར་རྒྱག་ཏུ་བཅུག་མེད་པ་རེད།

ཁོང་གིས་བཙོན་ཁང་དུ་ཉིན་རེར་ཆུ་ཚོད་ ༡༥ རེར་དམག་ལྭ་དང་། བྱ་སྤུའི་གྱོན་ཆས་རིགས་བཟོས་པ་དང་། འབྲོག་པའི་ལྕགས་རྭ་ཡི་འཛེར་མ་ར་མགོ་བཟོ་བ་སོགས་ཀྱི་ལས་ཀ་བྱས་ཡོད་པ་དང་། བཙོན་ཁང་དེ་ངལ་རྩོལ་བསྒྱུར་བཀོད་ཁང་ཞིག་ཡིན་ཡང་འདས་ལོ་ནས་ངལ་རྩོལ་བསྒྱུར་བཀོད་ཁང་རྣམས་མེད་པ་བཟོ་རྒྱུ་ཡིན་ལུགས་བསྒྲགས་ཡོད་སྟབས། ད་ལྟ་བཙོན་ཁང་དེའི་མིང་ལ་ཞིང་ལས་ར་བ་ཞེས་འབོད་ཀྱི་ཡོད་འདུག

Share with your friends










Submit