ཟླ་བ་ ༨ ཚེས ༣༡ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༨ ཚེས་ ༣༡ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༣༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་རྡ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ  སུ་ཝི་ཌེན་ལྗང་ཁུ་ཚོགས་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ Carl Schlyter མཆོག་དང་། སུ་ཝེ་ཌེན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ Swedish Tibet Committee ཚོགས་གཙོ་ Mattias Björnerstedt​ ལགས།  སུ་ཝེ་ཌེན་བོད་རིགས་ཚོགས་པའི་ཚོགས་གཙོ་འཇམ་དབྱངས་ཆོས་སྒྲོན་ལགས། ཕྱི་ནང་ནི་གསར་འགོད་པ་བཅས་ལྷན་འཛོམས་ཀྱི་ཐོག་མར་སུ་ཝེ་ཌེན་བོད་རིགས་ཚོགས་པའི་ཚོགས་གཙོ་འཇམ་དབྱངས་ཆོས་སྒྲོན་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་དོན། 

ང་ཚོ་དེ་རིང་འདིར་སུ་ཝེ་ཌེན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་སུ་ཝེ་ཌེན་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་བོད་དོན་ཐོག་རྒྱབ་སྐྱོར་སླད་བཅར་བ་རེད། སུ་ཝེ་ཌེན་བོད་རིགས་ཚོགས་པ་ནི་ཧ་ཅང་ཆུང་ཆུང་རེད། སུ་ཝི་ཌེན་ནང་བོད་པ་ཕལ་ཆེར་ ༡༤༠ ཙམ་ལས་མེད།  ཅེས་ངོ་སྤྲོད་གནང་གྲུབ་མཚམས་སུ་ཝི་ཌེན་ལྗང་ཁུ་ཚོགས་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་  Carl Schlyter མཆོག་གིས་གསུང་དོན།

ང་ཚོ་འདིར་བཅར་དོན་གཙོ་བོ་ནི་གོང་དུ་ངོ་སྤྲོད་གནང་བ་ལྟར་འདི་ལོར་སུ་ཝི་ཌེན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཐུབ་པ་བྱུང་ཡོད། དེར་བརྟེན་དེ་རིང་དེ་འབྲེལ་ལས་དོན་ཁག་གཅིག་མཇུག་སྐྱོང་ཆེད་བཅར་བ་ཡིན། སྟབས་མ་ལེགས་པ་ཞིག་ལ་ངའི་ལས་རོགས་གཉིས་སྐབས་མཚམས་སུ་ནང་མིའི་གནད་དོན་ཞིག་གི་ཐོག་ནས་འདིར་ཕེབས་མ་ཐུབ་པ་རེད། ང་ཚོ་འདིར་བཅར་ཐུབ་པ་ཧ་ཅང་དགའ་པོ་བྱུང་། གང་ཡིན་བརྗོད་ན་འདི་ག་བོད་མིའི་སྒྲིག་འཛུགས་ཀྱི་ལས་རིམ་གཏན་འབེབས་ཧ་ཅང་ཡག་པོ་གནང་བར་བརྟེན། དེ་རིང་སྔ་དྲོ་ང་ཚོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཆོག་སོགས་དང་མཇལ་འཕྲད་ཞུ་རྒྱུ་བྱུང་།

དེ་རིང་ང་ཚོས་སློབ་གྲྭ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་བཅས་སུ་འགྲོ་རྒྱུ་ཡིན། ང་ཚོར་མཚོན་ན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་ཕྱོགས་སྐོར་ངོ་སྤྲོད་ཧ་ཅང་ཡག་པོ་བྱུང་སོང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་སྟངས་ལས་ང་ཚོས་བློ་སྐྱེད་བླངས་ནས་རང་ཡུལ་དུ་འཕྲད་བཞིན་པའི་དཀའ་ངལ་ལ་གདོང་ལེན་བྱ་རྒྱུར་ཕན་ཐོགས་ཧ་ཅང་ཡོང་ངེས་རེད། ང་ཚོ་སུ་ཝི་ཌེན་མི་མང་གི་བསམ་བློའི་འདུ་ཤེས་འཛིན་སྟངས་ལ་གཟིགས་པ་ཡིན་ན། ང་ཚོའི་ཡུལ་དུ་ལོ་ངོ་ ༢༠༣ རིང་མུ་མཐུད་དམག་འཐབ་རྩ་བ་ནས་མེད་པར་འཚེ་མེད་ཞི་བའི་ངང་གནས་ཡོད། སྤྱིར་ང་ཚོའི་ལུང་པའི་ཁ་རྒྱུན་ལ། དབུ་མར་གནས་པའི་གསེར་གྱི་ལམ་བུ། ཞེས་པའི་གོ་དོན་ནི་རང་དང་བསམ་ཚུལ་མི་མཐུན་པའི་གང་ཟག་གཞན་གྱི་མངོན་འདོད་གང་ཡིན་པ་ཤེས་པ་བྱ་རྒྱུ་དང་། དེ་ཤེས་པ་ཙམ་གིས་མ་ཆོག་པར་ཕ་རོལ་པོའི་མངོན་འདོད་དེ་དང་རང་ཉིད་ཀྱི་མངོན་འདོད་གང་ཡིན་པ་དེ་གཉིས་དབར་ཐུན་མོང་གིས་ཁས་ལེན་བྱེད་ཐུབ་པའི་ཆ་རྐྱེན་བསྐྲུན་ཐབས་བྱ་རྒྱུ་དེ་ཡིན། ལྟ་གྲུབ་འདིའི་དྲིན་ལ་བརྟེན་ནས་ང་ཚོར་ལོ་ངོ་ ༢༠༣ རིང་འཚེ་མེད་ཞི་བའི་ཁོར་ཡུག་འོག་འཚོ་གནས་ཐུབ་པ་བྱུང་སོང་།

ངས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་ཐོས་བྱུང་འཕྲལ། བོད་མི་དང་ང་ཚོའི་དབར་ལངས་ཕྱོགས་མཐུན་པོ་ཡོད་པ་ཚོར་བྱུང་། གང་ཡིན་བརྗོད་ན་ང་ཚོས་ཀྱང་དབུ་མའི་ལམ་གྱི་ཐབས་ལམ་གཞི་རྩར་བཟུང་ནས་དཀའ་ངལ་སེལ་ཐབས་བྱེད་བཞིན་ཡོད། དེར་བརྟེན་ལོ་ཤས་གོང་ནས་ངས་བོད་མིའི་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་ཐོས་བྱུང་སྐབས་ཧ་ཅང་དགའ་པོ་བྱུང་། ཐབས་ལམ་འདི་ནི་སུ་ཝི་ཌེན་མི་མང་གི་བསམ་བློར་ཧ་ཅང་འཇུག་པོ་ཡོད། གང་ཡིན་བརྗོད་ན་ང་ཚོས་ཀྱང་ལོ་ངོ་བརྒྱ་ཕྲག་རིང་ཁྱིམ་མཚེས་རྒྱལ་ཁབ་དང་ལྷན་དམག་འཐབ་བྱས་མྱོང་ཡོད། འོན་ཀྱང་ད་ཆ་ང་ཚོས་རང་གི་ཁྱིམ་མཚེས་རྒྱལ་ཁབ་ནོར་ཝེ་དང་ཕིན་ལེན། ཌེན་མག་བཅས་ལ་གྲོགས་པོའི་འདུ་ཤེས་འཛིན་ནས་འཆམ་མཐུན་ངང་འཚོ་གནས་བྱེད་བཞིན་ཡོད། ལོ་ངོ་བརྒྱ་ཕྲག་གཅིག་ཙམ་ནས་ད་བར་ང་ཚོས་རང་གི་ཁྱིམ་མཚེས་རྒྱལ་ཁབ་དང་ལྷན་ཚོང་གི་འབྲེལ་ལམ་དང་འགྲུལ་བཞུད། དེ་བཞིན་ལས་དོན་སོགས་དམ་བསྒྲགས་གང་ཡང་མེད་པར་རང་དབང་ཐོག་ནས་བྱེད་བཞིན་པ་དང་། ངའི་རེ་བར་ཉིན་གཅིག་བོད་མི་ཚོ་ལའང་གོ་སྐབས་དེ་འདྲ་ཞིག་ཐོབ་པ་བརྒྱུད་རང་གི་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་གོམས་གཤིས་ལུགས་སོགས་རང་དབང་ཐོག་ནས་སྲུང་སྐྱོབ་བྱ་ཐུབ་པའི་རེ་བ་ཞུ་བཞིན་ཡོད།

འདི་ནི་འགྲོ་བ་མིའི་གཞི་རྩའི་ཆ་རྐྱེན་ཡིན། གཞན་ལ་དབང་སྒྱུར་མ་བྱེད་པར་གཞན་དང་མཛའ་འབྲེལ་གྱི་འབྲེལ་ལམ་རྒྱུན་སྐྱོང་ཐོག་རང་གི་ཐུན་མིན་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་འདི་ཡུ་རོབ་སྤྱི་མཐུན་ཚོགས་པ་ European Union དང་སི་ཀེན་ཌི་ནེ་ཝི་ཡེན་ཡུལ་གྲུ་ཁག་ scandinavian countries གི་ལྟ་གྲུབ་ཀྱི་རྨང་གཞི་ཡིན་པ་མ་ཟད།  ད་བར་ལམ་ལྷོངས་ལྡན་པ་ཞིག་བྱུང་ཡོད།  བོད་མིའི་སྒྲིག་འཛུགས་ནས་ཀྱང་ལྟ་གྲུབ་དེར་གཞི་རྩར་འཛིན་ནས་མ་འོངས་མདུན་ལམ་འཚོལ་བཞིན་པ་མཐོང་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་། གང་ཡིན་བརྗོད་ན་ང་ཚོས་ལྟ་གྲུབ་དེར་ཚོད་ལྟ་བྱས་ནས་ལམ་ལྷོངས་ཡོང་རྒྱུ་ཡོད་པ་ཉམས་མྱོང་བྱུང་ཡོད།  དེར་བརྟེན་བོད་མི་ཚོ་ལའང་ལམ་ལྷོངས་ཡོང་རྒྱུར་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན། ང་ཚོ་སུ་ཝི་ཌེན་ལུང་པར་མཚོན་ན་ཧ་ཅང་ཆུང་ཆུང་ཞིག་ཡིན།

ང་ཚོས་གཞན་སུ་ལའང་སྡིག་སྐུལ་གཏོང་གི་མེད། ང་ཚོས་དབུ་མའི་ལངས་ཕྱོགས་དེར་གོམས་འདྲིས་ལ་བརྟེན་ནས་ད་ཆ་ཨུ་རུ་སུ་ལྟ་བུ་ཁྱིམ་མཚེས་སྟོབས་ཆེན་རྒྱལ་ཁབ་དང་གདོང་ལེན་བྱེད་བཞིན་ཡོད། འོན་ཀྱང་ད་ཆ་ངའི་ལུང་པའི་ནང་དམག་དཔུང་ཇེ་ཆེར་འགྲོ་བཞིན་པ་མ་ཟད། སྲང་ལམ་ནང་དམག་འཐབ་ཀྱི་གྲ་སྒྲིག་སྐོར་གཏམ་འཆལ་འདྲ་མིན་སྣ་ཚོགས་ཁྱབ་སྤེལ་བྱེད་བཞིན་པའི་གནས་སྟངས་མཐོང་སྐབས་བློ་འཚབ་ཧ་ཅང་ཡོང་བཞིན་འདུག དེ་ནི་གཙོ་བོ་ཆབ་སྲིད་འགོ་ཁྲིད་བློ་རྒྱ་ཆུང་ཆུང་དེ་ཚོའི་བྱེད་བབ་ཡིན་པ་དུས་རྟག་ཏུ་ཤེས་པ་བྱེད་དགོས། ཁོ་པ་ཚོས་རྙོག་གྲ་བླངས་ནས་རང་གི་དབང་ཆ་སྲ་བརྟན་བཟོ་ཐབས་བྱེད་བཞིན་ཡོད། འདི་ནི་ངའི་ལྟ་ཚུལ་ཡིན། དེང་སྐབས་སུ་ཝི་ཌེན་ནང་དམག་སྦྱོང་གི་ལས་འགུལ་རྒྱ་ཆེ་སྤེལ་བཞིན་ཡོད་སྟབས། བདུན་ཕྲག་རྗེས་མའི་ནང་ངས་རང་ཡུལ་དུ་འཚེ་མེད་ཞི་བའི་ལས་འགུལ་སྤེལ་རྒྱུ་ཡིན། ཨུ་རུ་སུར་མཚོན་ནའང་དམག་སྦྱོང་གི་ལས་འགུལ་རྒྱ་ཆེ་སྤེལ་བཞིན་ཡོད། དེར་བརྟེན་ང་ཚོས་ཆབ་སྲིད་འགོ་ཁྲིད་བློ་སྣ་ཐུང་ཐུང་དེ་ཚོར་རྒྱལ་ཁ་སྦྱིན་མི་རུང་། ཁོ་པ་ཚོས་ཇི་ཙམ་གྱི་དམག་སྦྱོང་ལས་འགུལ་སྤེལ་བ་དེ་ཚོད་ཀྱིས་ང་ཚོས་ངོས་ནས་ཀྱང་འཚེ་མེད་ཞི་བའི་སྦྱོང་བརྡར་དང་མི་མང་ཕན་ཚུན་མཛའ་འབྲེལ་གྱི་འབྲེལ་ལམ་འཛུགས་ཐབས་ཆེད་འབད་འབུང་བྱེད་དགོས།

དེ་རིང་སྔ་དྲོ་ང་ཚོས་༸གོང་ས་མཆོག་མཇལ་ཁ་ཞུ་སྐབས་མི་དང་མི་ཕན་ཚུན་དབར་མཛའ་འབྲེལ་དམ་ཟབ་གཏོང་ཐབས་སྐོར་བཀའ་བསྡུར་བྱུང་། ཐབས་ལམ་གཅིག་ནི་གྲོང་སྡེ་ལས་ཁུངས་ municipal corporation ཕན་ཚུན་དབར་འབྲེལ་ལམ་འཛུགས་རྒྱུ་དེ་རེད་འདུག  རྒྱལ་ཁབ་དང་སྲིད་གཞུང་གི་གནས་རིམ་ཐོག་ནས་མིན་པར། གྲོང་སྡེ་ལས་ཁུངས་བརྒྱུད་ནས་ཐབས་ཤེས་ཡོད། གང་ཡིན་བརྗོད་ན། འཛམ་གླིང་ནང་གྲོང་སྡེ་ལས་ཁུངས་ཧ་ཅང་མང་པོ་ཡོད་ཀྱང་སུ་གཅིག་ལའང་ཕན་ཚུན་དམག་འཁྲུག་རྒྱག་རྒྱུའི་གནས་སྟངས་ཤིག་མེད། གྲོང་སྡེ་ལས་ཁུངས་ལ་དམག་མི་དང་གོ་ལག་སོགས་གང་ཡང་མེད། དེར་བརྟེན་གལ་ཏེ་གྲོང་སྡེ་ལས་ཁུངས་དང་མཐོ་སློབ་ཁག དེ་བཞིན་སློབ་གྲྭ མི་མང་མཉམ་སྦྲེལ་སོགས་ཕན་ཚུན་མཛའ་འབྲེལ་འཛུགས་ཐུབ་ཚེ་ཕན་ཚུན་སྐད་ཆ་བཤད་ནས་དཀའ་ངལ་སེལ་རྒྱུ་མ་གཏོགས་དམག་འཐབ་ཡོང་རྒྱུའི་གཞི་རྩ་གང་ཡང་མེད།

ང་ཚོ་སུ་ཝི་ཌེན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པར་མཚོན་ན་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཚང་མ་མཚོན་ཐུབ་རྒྱུ་རེད། ང་ལ་མཚོན་ན་ལྗང་ཁུ་ཚོགས་པ་ Green party ནས་ཡིན། ངའི་ལས་རོགས་རྣམས་སྤྱི་ཚོགས་མང་གཙོ་ཚོགས་པ་ Social Democrats ནས་ཡིན། འདི་ནི་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་ཆེ་ཤོས་ཡིན། དེ་བཞིན་ central right party དང་། གུ་ཡངས་ཆབ་སྲིད་ཚོགས་པ། liberal party དང་། Centrist party དང་། གཡོན་ཕྱོགས་ཆབ་སྲིད་ཚོགས་པ། left party བཅས་ཚང་མ་དེ་རིང་སྐུ་ཚབ་ཚོགས་ཆུང་གི་ཆ་ཤས་སུ་ཡོད།

འདི་ནི་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་འདྲ་མིན་རྣམས་གནད་དོན་གལ་ཆེའི་རིགས་ལ་ཕན་ཚུན་ལངས་ཕྱོགས་གཅིག་གྱུར་ཐོག་ཕྱག་ལས་གནང་སྟངས་ཀྱི་རྣམ་པ་ཞིག་མཚོན་བཞིན་ཡོད། ང་ཚོའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་པ་རེད། དེ་ནི་དུས་ལ་བབ་པ་ཞིག་མཐོང་གི་འདུག གང་ཡིན་བརྗོད་ན་ང་ཚོའི་ལུང་པའི་ནང་སྐྱབས་བཅོལ་བའི་དཀའ་ངལ་དང་། སི་རི་ཡའི་ Syria དམག་འཐབ། དེ་བཞིན་ལི་བྷི་ཡའི་ Libya ཟིང་འཁྲུག དེ་བཞིན་ཨབ་གྷ་ནི་སི་ཐན་བཅས་ཀྱི་རྙོག་གྲ་ལ་བརྟེན་ནས་སུ་ཝི་ཌེན་ནང་སྐྱབས་བཅོལ་བ་མང་པོ་ཞིག་འབྱོར་ཡོད། དེར་བརྟེན་ང་ཚོས་དོ་སྣང་ཧ་ཅང་བྱེད་བཞིན་ཡོད། རྒྱལ་སྤྱིའི་གནས་བབ་ཐོག་ནས་དཀའ་ངལ་སེལ་དགོས་པའི་གནད་དོན་ཁག་གཅིག་ཡོད་པའང་ང་ཚོས་ཤེས་ཀྱི་ཡོད།

སྤྱིར་སུ་ཝི་ཌེན་མི་མང་དཀྱུས་མ་ཞིག་གི་བོད་ཀྱི་གནས་སྟངས་སྐོར་དེ་ཙམ་རྒྱུད་མངའ་མེད་མཁན་ཞིག་ལ་མཚོན་ནའང་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ལྟ་ཚུལ་ཧ་ཅང་བཟང་པོ་ཞིག་ཡོད། དེར་བརྟེན་བོད་ཀྱི་གནད་དོན་གསལ་བའི་དབུ་མའི་ལམ་གྱི་སྲིད་བྱུས་དེར་རང་བཞིན་གྱིས་ལྟ་ཚུལ་བཟང་པོ་ཞིག་ཡོད་པ་ང་ཚོས་ཞུ་ཚོད་ཐུབ་ཀྱི་འདུག རྒྱབ་ལྗོངས་གནས་སྟངས་དེར་གཞི་བཅོལ་ནས་ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་གཞི་རྩར་བཟུང་ནས་བོད་དོན་རྒྱབ་སྐྱོར་ཇི་ལྟར་བྱེད་དགོས་པའི་སྐོར་བགྲོ་གླེང་གང་མང་བྱ་རྒྱུ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ་འདི་བརྒྱུད་ནས་མང་ཚོགས་ཁྲོད་བོད་ཀྱི་གནད་དོན་གོ་རྟོགས་རྒྱ་ཆེ་སྤེལ་ཐབས་བྱ་རྒྱུ་ཡིན།

རྒྱལ་ཁབ་བརྗོད་སྐབས་དབུས་གཞུང་གིས་མང་ཚོགས་ལ་གཉའ་གནོན་བྱ་རྒྱུ་དེ་འདྲ་ཞིག་རྩ་བ་ནས་མ་རེད། རྒྱ་ནག་གཞུང་ལ་མཚོན་ནའང་རྒྱ་རིགས་ཧན་གཙོ་བོར་གྱུར་པའི་མི་རིགས་འདྲ་མིན་ཡོད་པ་རྣམས་ལ་གོ་སྐབས་དང་ཐོབ་ཐང་འདྲ་མཉམ་སྤྲད་པ་བརྒྱུད་སོ་སོའི་ཐུན་མིན་རིག་གཞུང་སོགས་སྲུང་སྐྱོབ་བྱེད་ཐུབ་པ་དགོས། ཞེས་གསུངས།

དེ་རྗེས་སུ་ཝེ་ཌེན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ Swedish Tibet Committee ཚོགས་གཙོ་ Mattias Björnerstedt​ ལགས་ཀྱིས་གསུང་བཤད་གནང་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་པ་བཅས།།

Share with your friends










Submit