ཟླ་བ་ ༨ ཚེས ༣༡ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༨ ཚེས་ ༣༡ རེས་གཟའ་ཕུར་བུ།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༣༠ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༥།༣༠ ཙམ་ལ་སུ་ཝི་ཌེན་ Sweden གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཀལ་ཤ་ལཡེ་ཊར་ Carl Schlyter  མཆོག་དང་། སུ་ཝི་ཌེན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མེ་ཊི་སི་ Mattias Björnerstedt​  ལགས། དེ་བཞིན་སུ་ཝི་ཌེན་བོད་རིགས་ཚོགས་པའི་ཚོགས་གཙོ་དང་། སུ་ཝི་ཌེན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་གཅིག་ལྕོགས་འཇམ་དབྱངས་ཆོས་སྒྲོན་ལགས་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་སྣེ་ལེན་གཟབ་རྒྱས་དང་སྦྲགས་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་སྤྲོད་གནང་བ་མ་ཟད།  བོད་ཀྱི་འདས་པའི་ལོ་རྒྱུས་དང་།  གཞིས་བྱེས་བོད་མིའི་ད་ལྟའི་གནས་བབ།  དེ་བཞིན་འབྱུང་འགྱུར་བོད་ཀྱི་དཀའ་རྙོག་སེལ་ཆེད་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་བོད་དོན་འཐབ་རྩོད་རྒྱུན་སྐྱོང་བྱེད་བཞིན་པའི་གནས་སྟངས་སྐོར་ངོ་སྤྲོད་གནང་།   དེ་རྗེས་སྐུ་མགྲོན་རྣམས་ལ་ཕྱི་དྲོ་ཆུ་ཚོད་ ༧ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་གསོལ་ཚིགས་འདེགས་འབུལ་ཞུས།

སྐབས་དེར་སྤྱི་འཐུས་རྒྱུན་ལས་རྣམ་པས་སྐུ་མགྲོན་རྣམ་པ་བཞུགས་སྒར་དུ་ཐེངས་དང་པོ་ཕེབས་པར་བརྟེན་དགའ་བསུའི་འཚམས་འདྲི་ཞུས་པ་དང་སྦྲགས།  སུ་ཝི་ཌེན་ཡུལ་གྱི་ཆབ་སྲིད་ཚོགས་པ་ཁག་ ༥ ལས་གྲུབ་པའི་སུ་ཝི་ཌེན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། སུ་ཝི་ཌེན་མི་མང་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུའི་འཚམས་འདྲི་ཞུས་བསྟུན།

གྲོས་ཚོགས་འཐུས་མི་སྐུ་ཞབས་ Carl Schlyter མཆོག་གིས་གསུང་དོན། སུ་ཝི་ཌིན་ནང་བོད་ཀྱི་གནད་དོན་སྐོར་ཤེས་རྟོགས་དེ་ཙམ་མེད་ཀྱང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་མང་པོ་ཞིག་སུ་ཝི་ཌེན་སྐད་ཡིག་ནང་བསྒྱུར་ཡོད་སྟབས་སུ་ཝི་ཌེན་མི་མང་ནས་༸གོང་ས་མཆོག་གི་ཐུགས་ཀྱི་དགོངས་བཞེད་དང་རླབས་ཆེན་གྱི་མཛད་འཕྲིན་ཇི་ལྟར་སྐྱོང་བཞིན་པའི་གནས་སྟངས་སྐོར་གོ་རྟོགས་མི་ཆུང་བ་ཞིག་ཡོད་པ་དང་།  དབུ་མའི་ལམ་ནི་གསེར་གྱི་ལམ་བུ་ཞིག་ཡིན་སྐོར་དང་།  དབུ་མའི་ལམ་གྱི་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐབས་ལ་རྒྱབ་སྐྱོར་ཡོད་སྐོར་གསུང་པ་མ་ཟད།

ཕྱིར་རང་ཡུལ་དུ་ཕེབས་འབྱོར་བྱུང་མཚམས་མང་ཚོགས་རྣམས་ལ་བོད་དོན་གོ་རྟོགས་ལས་འགུལ་རྒྱ་ཆེ་སྤེལ་ཏེ་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཐབས་གནང་རྒྱུ་ཡིན་སྐོར་དང་།  དེ་བཞིན་ཁོང་གིས་མུ་མཐུད་གསུང་དོན། དེ་རིང་རྡ་སར་སླེབས་ནས་གནད་ཡོད་མི་སྣ་ཁག་མཇལ་འཕྲད་བྱུང་སྟབས་བོད་ཀྱི་གནས་སྟངས་དང་། བོད་མིའི་འཐབ་རྩོད་སྐོར་གོ་རྟོགས་ཧ་ཅང་བྱུང་།  འདིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ང་ཚོར་སྣེ་ལེན་གཟབ་རྒྱས་གནང་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཐུགས་རྗེ་ཆེ།  ཞེས་གསུངས།

དེ་བཞིན་སྐབས་དེར་སུ་ཝི་ཌེན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Mattias Björnerstedt​ ལགས་ཀྱིས་གསུང་དོན། སུ་ཝི་ཌེན་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་བཙུགས་ནས་ད་བར་ལོ་ངོ་ ༥༠ འཁོར་བཞིན་ཡོད་སྟབས་བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་རྙིང་གྲས་ཤིག་ཆགས་ཡོད།  དེ་བཞིན་མ་འོངས་པར་སུ་ཝི་ཌེན་རྒྱལ་ཁབ་ཙམ་དུ་མ་ཟད།  ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ནང་དུའང་སུ་ཝི་ཌེན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནུས་པ་སྔར་ལྷག་རྒྱ་སྐྱེད་གཏོང་རྒྱུ་ཡིན།  ཞེས་གསུང་རྗེས་སྤྱི་འཐུས་རྒྱུན་ལས་རྣམས་དང་ལྷན་བོད་དོན་གོ་བསྡུར་ལྷུག་པོ་གནང་མཐར་དཔལ་ལྡན་ཚོགས་གཞོན་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྐུ་མགྲོན་རྣམ་པར་སླར་ཡང་ཐུགས་རྗེ་ཆེ་ཞུས་ནས་གསོལ་སྟོན་གྱི་མཛད་སྒོ་གཟབ་རྒྱས་ངང་མཇུག་སྒྲིལ་བྱུང་བ་བཅས།།

Share with your friends










Submit