མདུན་ཤོག » བརྒྱུད་ལམ་གཞན་གྱི་གསར་གནས། »

ལི་ཐང་དགོན་ཆེན་གྱི་དབུ་ཟུར་ཨ་ཀྲུག་བློ་སྤོ་ལགས་གློད་བཀྲོལ་བཏང་ཡོད་པའི་གནས་ཚུལ་ཐོན།

Share with your friends










Submit

༢༠༡༧ ཟླ་ ༨ ཚེས་ ༢༢ རེས་གཟའ་མིག་དམར།

༄༅། །བརྒྱུད་ལམ་གཞན་གྱིས་གནས་ཚུལ་སྤེལ་དོན་ལྟར་ན། རྒྱལ་གཅེས་པ་རོང་རྒྱས་ཨ་གྲགས་ལགས་ཀྱི་ཚ་བོ་ལི་ཐང་དགོན་ཆེན་གྱི་དབུ་ཟུར་ཨ་ཀྲུག་བློ་སྤོ་ལགས་ཁ་སང་ཚེས་ ༢༡ གི་མཚན་མོར་ལོ་བཅུའི་བཙོན་འཇུག་དུས་བཀག་ཚང་ནས་གློད་བཀྲོལ་བཏང་ཡོད་པ་དང་། ད་ལྟ་ཁོང་གི་སྐུ་གཟུགས་གནས་སྟངས་ཇི་འདྲ་ཡོད་མེད་གནས་ཚུལ་ཁ་གསལ་ཤེས་རྟོགས་ཐུབ་མིན་འདུག
དེའང་རྒྱལ་གཅེས་པ་རོང་རྒྱས་ཨ་གྲགས་ལགས་ཀྱིས་ཕྱི་ལོ་ ༢༠༠༧ ཟླ་ ༨ ཚེས་ ༡ ཉིན་ལི་ཐང་བརྒྱད་གཅིག་རྟ་རྒྱུག་དུས་ཆེན་སྐབས་བོད་རྒྱ་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་སར་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ང་ཚོ་བོད་ལ་རང་དབང་དགོས། ༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྣམ་གཉིས་གཙོས་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་བཀྲོལ་བཏང་དགོས་ཞེས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་རྐྱེན་ཁོང་དང་ཁོང་གི་ཚ་བོ་ཨ་ཀྲུག་བློ་སྦོ་ལགས་ཀྱིས་གཙོས་བོད་མི་ཁག་ཅིག་འཛིན་བཟུང་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པ། རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་གྱོང་གུད་བཏང་བ་སོགས་ཀྱི་ཉེས་མིང་འོག་ལོ་ ༣ ནས་ ༡༠ བར་གྱི་ཁྲིམས་ཐག་མི་འདྲ་བ་བཅད་པ་ལས་ལོ་མང་ཤོས་ཀྱི་ཁྲིམས་ཆད་ཕོག་པ་ཁོང་གི་ཚ་བོ་ལི་ཐང་དགོན་ཆེན་གྱི་དབུ་ཟུར་ཨ་ཀྲུག་བློ་སྤོ་ལགས་ཁ་སང་ཟླ་ ༨ ཚེས་ ༢༡ གི་མཚན་མོ་ཆུ་ཚོད་ ༡༡ ཙམ་ལ་གློད་བཀྲོལ་བཏང་འདུག

ཁོང་གིས་རྒྱུན་དུ་གཞོན་སྐྱེས་ཚོའི་ཤེས་ཡོན་གོང་སྤེལ་བཏང་རྒྱུ་དང་། ནགས་ཚལ་གཅོད་བྲེགས་སོགས་བཀག་འགོག་ཐོག་འབད་བརྩོན་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་རེད། ས་གནས་ཀྱི་ཡུལ་མི་ཚོས་ཀྱང་ཁོང་ལ་གུས་བརྩི་ཆེན་པོ་གནང་བ་མ་ཟད། ཁོང་གིས་ལི་ཐང་དགོན་དུ་བཞུགས་རིང་ལ་དབུ་མཛད་དང་། དགོན་པའི་མང་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་འགན་འཛིན་གཞོན་པ་སོགས་གནང་མྱོང་ཡོད་པ་རེད། །

 

Share with your friends










Submit