ཟླ་བ་ ༨ ཚེས ༢༥ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༨ ཚེས་ ༢༥ རེས་གཟའ་པ་སངས།

༄༅། །དང་བླངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་འགན་འཛིན་བསྟན་འཛིན་ཉི་མ་ལགས་ཀྱིས་ཕྱི་ཟླ་ ༨ ཚེས་ ༡༣ ནས་ ༢༣ བར་རྒྱ་གར་པན་ཇབ་ལུ་དི་ཡ་ན་ Ludhiana གྲོང་ཁྱེར་ནང་གི་སུད་ཚོང་སྦྱིན་བདག་ཁག་གཅིག་གི་ཚོགས་མི་རྣམས་ལ་ལག་དེབ་སྔོན་པོ་བརྒྱུད་བོད་དོན་ཐོག་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་ཐུབ་རྒྱུ་ཡིན་པའི་གོ་རྟོགས་ལས་འགུལ་རྒྱ་ཆེ་སྤེལ་འདུག

དེ་ཡང་འཕགས་བོད་སུད་ཚོང་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ལུ་དི་ཡ་ན་ཚོང་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ན་ཝིན་སུཌ་ Mr. Navin Sood ལགས་ཀྱིས་གསུང་དོན།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་འཚེ་མེད་ཞི་བདེའི་ཐད་སྔ་ཕྱིར་བཀའ་སློབ་ལམ་སྟོན་ཧ་ཅང་ཞལ་གསལ་པོ་སྩལ་ཡོད།  བོད་མིའི་སྒྲིག་འཛུགས་ལ་མཚོན་ན་བོད་པ་མིན་པའི་མི་སེར་རྣམས་ཀྱི་ཆེད་ལག་དེབ་སྔོན་པོ་བཟོས་ཡོད།  ལག་དེབ་སྔོན་པོའི་བརྒྱུད་ནས་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་གནང་ཆོག  ང་རང་ལ་མཚོན་ན་ཐེངས་འདིར་ལག་དེབ་སྔོན་པོར་ཐོ་འགོད་བྱེད་སྟབས་ད་ཆ་ཁ་ཞེ་གཉིས་མེད་ཀྱི་བོད་དོན་རྒྱབ་སྐྱོར་བ་ཞིག་ཆགས་ཡོད།  དེར་བརྟེན་ངས་བོད་མི་མ་ཡིན་པ་སྤྱི་དང་། ལྷག་པར་རྒྱ་གར་ཡུལ་མི་རྣམས་ལའང་དེ་མཚུངས་ལག་དེབ་སྔོན་པོ་བརྒྱུད་ནས་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་གནང་རོགས། ཞེས་འབོད་སྐུལ་ཞུ་རྒྱུ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐུགས་བཞེད་རྣམས་འབད་མེད་ལྷུན་འགྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།  ཞེས་གསུངས།

ཕྱོགས་མཚུངས་ལོ་ངོ་ཉི་ཤུ་ལྷག་རིང་སུད་ཚོང་ལས་དོན་གཉེར་མཁན་སྐུ་ཞབས་ཧར་ཇིཏ་སིངྒ་ལགས་ཀྱིས་གསུང་དོན།  མི་ཚང་མ་ཐོག་མར་མའི་མངལ་ནས་བཙའ་སྐབས་རང་དབང་ཐོག་ནས་ཡོང་བ་ཞིག་ཡིན།  རྒྱལ་ཁབ་གཞན་ལ་ཁྲིམས་འགལ་ཐོག་ནས་དབང་སྒྱུར་བྱ་རྒྱུའི་ཐོབ་ཐང་སུ་ལའང་མེད།  ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་དཀོན་མཆོག་མིའི་ཤ་ཚུགས་སུ་བྱོན་པ་ཞིག་ཡིན།  བོད་མི་ཚོས་དྲང་བདེན་གཞི་རྩར་བཟུང་ནས་བོད་དོན་འཐབ་རྩོད་བྱེད་བཞིན་ཡོད་པར་བརྟེན་ངས་ཐེངས་འདིར་ལག་དེབ་སྔོན་པོར་ཐོ་འགོད་བྱེད་ནས་བོད་མིར་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཞུ་རྒྱུ་ཡིན།  ཞེས་གསུངས།

གཞན་ཡང་ལོ་ངོ་བཞི་བཅུ་ལྷག་རིང་བོད་མི་སུད་ཚོང་བ་དང་ལྷན་ཚོང་འབྲེལ་གནང་མྱོང་མཁན་སྐུ་ཞབས་ཨ་མིཏ་ཤརྨ་ Mr. Amit Sharma ལགས་ཀྱིས་གསུང་དོན།  ང་ཚོས་བོད་མི་ཚོ་དང་ལྷན་ལོ་ངོ་བཅུ་ཕྲག་རིང་ཚོང་འབྲེལ་བྱས་ཡོད། དེར་བརྟེན་བོད་མི་རྣམས་དང་དམིགས་བསལ་འབྲེལ་བ་ཡོད།  ང་ཚོར་ཕ་མེས་རྣམས་ཀྱིས་བོད་མི་རྣམས་ནི་ཧ་ཅང་དྲང་ཚུགས་བརྟན་ཞིང་ཡིད་ཆེད་འཕེར་བའི་མི་རིགས་ཤིག་ཡིན་སྐོར་གསུང་མྱོང་ཡོད།  དེར་བརྟེན་བོད་མི་ཚོ་དང་ཚོང་འབྲེལ་བྱ་རྒྱུར་དམིགས་བསལ་སྤྲོ་སྣང་ཡོང་བཞིན་འདུག  ཐེངས་འདིར་ངས་ལག་དེབ་སྔོན་པོར་ཐོ་འགོད་བྱས་པ་བརྒྱུད་བོད་དོན་ལ་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཞེས་གསུངས།

ཐེངས་འདིར་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་མཐུན་འགྱུར་རོགས་རམ་འོག་སུད་ཚོང་སྦྱིན་བདག་རྣམས་ལ་བདུན་ཕྲག་གཉིས་ཙམ་རིང་ལག་དེབ་སྔོན་པོའི་སྐོར་ངོ་སྤྲོད་ཀྱི་ལས་འགུལ་རྒྱ་ཆེ་སྤེལ་ཐུབ་པ་བྱུང་འདུག །

 

Share with your friends










Submit