མདུན་ཤོག » Flash Mobile » བརྒྱུད་ལམ་གཞན་གྱི་གསར་གནས། »

བླ་རུང་སྒར་སྲུང་སྐྱོབ་ཆེད་རང་ཤི་སྐྱོན་མཁན་བཙུན་མ་ཚེ་རིང་སྒྲོལ་མ་ལགས་ཀྱི་ཞལ་ཆེམས་ལོ་གཅིག་ཙམ་རྗེས་ཕྱིར་གྱར་བྱུང་བ།

Share with your friends










Submit

༢༠༡༧ ཟླ་ ༨ ཚེས་ ༡༧ རེས་གཟའ་ཕུར་བུ།

༄༅། །བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན།

སྔ་ལོ་རྒྱ་གཞུང་གིས་བླ་རུང་སྒར་དུ་གཏོར་བཤིག་བྱས་པས་བཙུན་མ་རང་ཤི་སྐྱོན་མཁན་གྱི་ཞལ་ཆེམས་དེ་ད་ཆ་མི་མང་གིས་ཤེས་རྟོགས་ཐུབ་པ་བྱུང་ཡོད། བཙུན་མ་ཚེ་རིང་སྒྲོལ་མ་ལགས་ཀྱིས་རྒྱ་ནག་གཞུང་གི་བཙན་དབང་གཏོར་བཤིག་ལ་ངོ་རྒོལ་གནང་ནས་ཕྱི་ལོ་ ༢༠༡༦།༧།༡༩ ཉིན་གསེར་རྟ་བླ་རུང་སྒར་པདྨ་མཁའ་འགྲོའི་འདུ་གླིང་གི་རང་ཤག་ཏུ་རང་ཤི་སྐྱོན་པ་དང་། དེ་སྔ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཕེལ་རྒྱས་ལྟེ་གནས་ཁང་ནས་གནས་ཚུལ་སྤེལ་གསལ་ལྟར་གོང་ཚེས་ཉིན་བཙུན་མ་ཚེ་རིང་སྒྲོལ་མ་དང་མཉམ་དུ་བཙུན་མ་བསམ་དགའ་ལགས་ཀྱིས་ཀྱང་རང་ཤི་སྐྱོན་གནང་ཡོད་པ་རེད་ལ། ཕྱི་ལོ་ ༢༠༡༦།༧།༢༠ ཉིན་ནས་རྒྱ་གཞུང་གིས་བླ་རུང་སྒར་གཏོར་བཤིག་གཏོང་མགོ་བཙམས་ཏེ། ཕྱི་ལོ་ ༢༠༡༧།༥ བར་གཏོར་བཤིག་བཏང་ཡོད།

 

རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ཤི་སྐྱོན་མཁན་ཚེ་རིང་སྒྲོལ་མ་ལགས་ཀྱི་ཞལ་ཆེམས་ནང་ངའི་སེམས་པ་འདི་ཧ་ཅང་སྐྱོ། རྒྱུ་མཚན་རྒྱ་ནག་གཞུང་གིས་ཆོས་སློབ་པ་ལའང་རང་དབང་སྤྲོད་ཀྱི་མི་འདུག སྡོད་ཤག་ཆུང་ཆུང་དེ་ཚོའང་བཤིག་བཞག་ཐལ། ང་ཤི་ན་དགའ།ཞེས་བྲིས་གནང་ཡོད། ཞལ་ཆེམས་དེ་ནི་ཨོ་སི་ཀྲོ་ལི་ཡར་གནས་བཞུགས་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཤེལ་དགེ་འདུན་ཚེ་རིང་ལགས་ཀྱིས་རྒྱ་གར་དུ་ཡོད་པའི་བོད་ཀྱི་དུས་བབ་གསར་ཁང་ལ་མཁོ་སྤྲོད་གནང་བ་ཞིག་ཡིན།

བཙུན་མ་ཚེ་རིང་སྒྲོལ་མ་ལགས་ཀྱིས་ཞི་རྒོལ་གྱིས་རང་ཤི་སྐྱོན་པའི་གནས་ཚུལ་དེ་ཕྱི་ལ་གྱར་ནས་ཡོང་ཁྱབ་བྱུང་བ་ཙམ་དུ་མ་ཟད། བོད་ནང་ནས་ཀྱང་དེར་བདེན་དཔང་གནང་མཁན་བྱུང་ཡོད། ད་བར་བླ་རུང་སྒར་དུ་བྱུང་བའི་གནས་ཚུལ་དེ་ཤེས་རྟོགས་ཐུབ་རྒྱུར་འབད་བརྩོན་བྱས་ཀྱང་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེ་བྱས་སྟབས་ཞིབ་ཕྲའི་གནས་ཚུལ་རྣམས་ཤེས་རྟོགས་ཐུབ་ཀྱི་མེད། བཙུན་མ་ཚེ་རིང་སྒྲོལ་མ་ལགས་ཀྱི་འཁྲུངས་ཡུལ་དང་འཚར་ལོངས་བྱུང་ས་ནི། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་མཆུ་རྫོང་ནས་ཡིན་པ་རེད།

དེ་བཞིན་མཙུན་མ་རིག་འཛིན་སྒྲོལ་མ་ལགས་ཀྱིས་ཀྱང་བླ་རུང་སྒར་དུ་ཕྱི་ལོ་ ༢༠༡༦།༧།༢༠ ཉིན་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ཤི་སྐྱོན་ཡོད་ལ། དུས་ཚེས་དེའི་ཉིན་གསུམ་གྱི་སྔོན་དུ་བཙུན་མ་གཞན་ཞིག་གིས་རང་ཤི་སྐྱོན་རྩིས་གནང་ཡོད་ཀྱང་སྐྱོན་ཐུབ་མེད་པ་དང་། ཁོང་གི་མཚན་སོགས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད།

Share with your friends










Submit