མདུན་ཤོག » Flash Mobile » གསར་གནས། »

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་གསུམ་པ་དབུ་འཛུགས་གནང་བ།

Share with your friends










Submit

༢༠༡༧ ཟླ་ ༨ ཚེས་ ༡༦ རེས་གཟའ་ལྷག་པ།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༦ ནས་ ༡༨ བར་ཉིན་གྲངས་གསུམ་རིང་བཞུགས་སྒར་རྡ་སའི་ཉེ་འགྲམ་དུ་ཡོད་པའི་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་གསུམ་པ་དབུ་འཛུགས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དམིགས་བསལ་སྐུ་མགྲོན་རྒྱལ་སྤྱིའི་ཐེབས་རྩ་ཁང་གི་ཉམས་ཞིབ་རྒན་པ་སྐུ་ཞབས་ལྦི་ནོ་ཌི་ཨཱ་ནནྡཱ་ Vinod Anand མཆོག རྡ་ས་རིགས་ལམ་སློབ་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་སྤྱི་ཟུར་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བསྟན་འཛིན་ལེགས་བཤད་ལགས། ཚོགས་བཅར་བ་བོད་ཀྱི་ན་གཞོན་ཉམས་ཞིབ་པ་དང་། ཟུར་ཉན་པ། གསར་འགོད་པ་བཅས་ལྷན་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་དང་དམིགས་བསལ་སྐུ་མགྲོན་མཆོག་གིས་སྣང་གསལ་ཞལ་ཕྱེ་གནང་གྲུབ་མཚམས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་དགའ་བསུའི་གསུང་བཤད་གནང་།

དེ་རྗེས་དམིགས་བསལ་སྐུ་མགྲོན་མཆོག་གིས་བཙན་བྱོལ་དུ་ཡོད་པའི་ན་གཞོན་ཞིབ་འཇུག་པ་ཚོས་བོད་དོན་དང་འབྲེལ་བའི་ཐོག་ཉམས་ཞིབ་བྱེད་ཐུབ་ན་ཧ་ཅང་དགེ་མཚན་ཆེན་པོ་ཡོད་སྐོར་དང་། ལྷག་པར་ལས་རིམ་ནང་ཡོད་པའི་བརྗོད་གཞི་དེ་ཚོའི་ཐོག་གོ་བསྡུར་སྦྱང་བཤད་དང་ཉམས་ཞིབ་བྱེད་དགོས་པ།  འདས་པའི་ལོ་ཤས་ནང་རྒྱ་ནག་གི་གནས་སྟངས་དང་། རྒྱ་ནག་གཞུང་གི་སྲིད་བྱུས་སོགས་ཀྱི་ཐོག་ཉམས་ཞིབ་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས། སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་དམིགས་བསལ་ན་གཞོན་ཉམས་ཞིབ་པ་ཚོ་གལ་ཆེན་པོ་བརྩིས་པའི་ཐོག་ནས་དེ་རིང་བཅར་དགོས་དོན་ནི། སྔ་ལོར་ཡང་ཞུས་པ་ཡིན། ང་རང་སྒེར་གྱི་ན་ཚ་འདི་གང་ཡིན་ཞེ་ན། ལོ་གསུམ་བཞི་ཙམ་ལ་བོད་རིག་པའི་ཉམས་ཞིབ་པའི་རྒྱལ་སྤྱིའི་ཚོགས་འདུ་ཞིག་ཚོགས་ཡོད། སྐབས་དེར་ན་ཚ་ཆེ་ཤོས་ནི་ཚོགས་བཅར་བའི་ནང་ལ་བོད་དོན་དང་འབྲེལ་བའི་ཐོག་ནས་ནང་ཆོས་དང། རིག་གཞུང་། སྐད་ཡིག རྒྱལ་རབས་ལོ་རྒྱུས་ཐོག་ནས་ཡིན་ནའང་རེད། གང་སྤྱིའི་ཐོག་ནས་བཀའ་མོལ་གནང་མཁན་སློབ་དཔོན་ཆེན་པོ་དང་དགེ་རྒན་ཆེན་མོ་བཞི་རྒྱ་ལྔ་རྒྱ་ཙམ་ཕེབས་ཡོད།  དེའི་ནང་ནས་བརྒྱ་ཆ་ ༩༠ ཙམ་བོད་རིགས་མིན།   ཁོང་ཚོས་གཏམ་བཤད་གནང་། ང་ཚོས་ཟུར་ཉན་ལྟ་བུ་བྱེད་དུས་སེམས་ནང་ན་ཚ་བཏང་བྱུང་།

བོད་དང་། བོད་པའི་ཆོས་དང་རིག་གཞུང་། བོད་ཀྱི་ཆབ་སྲིད་དང་བདེ་འཇགས་ཚང་མ་ང་ཚོས་མ་གོ་བ་དེ་འདྲ་ཁོང་ཚོས་གསུང་ཡོང་སྐབས་བོད་པ་ཞིག་ཡིན་པའི་ཆ་ནས་སེམས་ལ་ན་ཚ་ཞིག་བཏང་བྱུང་། འདིས་གང་མཚོན་བཞིན་ཡོད་ཅེ་ན། ཁོང་ཚོའི་མི་ཚེ་ཧྲིལ་པོ་འདི་གནད་དོན་གཅིག་ཐོག་ལ་ཉམས་ཞིབ་བྱས་ཏེ་འབུམ་རམས་པའི་ལག་འཁྱེར་ཐོབ། རྒྱལ་སྤྱིའི་ཐོག་རྩོམ་རིགས་རྩོམ་སྤེལ་བྱས་པར་བརྟེན། རྒྱལ་སྤྱིའི་ཐོག་ལ་ངོས་འཛིན་ཐོབ་ཡོད།  དེར་བརྟེན་རྒྱལ་སྤྱིའི་བོད་རིག་པའི་ལྷན་ཚོགས་སུ་མགྲོན་འབོད་ལྟར་ཆ་ཤས་ལེན་བཞིན་ཡོད།

ད་ཆ་ང་ཚོ་བོད་མིའི་སྤྱི་ཚོགས་ཁྲོད་ཉམས་ཞིབ་པ་དེ་འདྲ་འཐོན་དགོས་ཀྱི་འདུག བཙན་བྱོལ་ནང་ནས་ཀྱང་འཐོན་དགོས་ཀྱི་འདུག  ཅེས་དམིགས་ཡུལ་འདི་འདྲའི་འོག་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་འདི་གཙོ་བོད་རིག་པ་དང་བོད་དང་འབྲེལ་བའི་ཐོག་ཉམས་ཞིབ་གཏིང་གཟབ་པོ་གནང་ཐུབ་མཁན་འཐོན་ཆེད་ཡིན།   ང་ཚོས་ཀྱང་ཉམས་ཞིབ་པ་ཚོར་དུས་རྟག་ཏུ་ཞུ་རྒྱུ་ནི།  བརྗོད་གཞི་ཇི་འདྲ་ཞིག་ཡིན་རུང་དེའི་ཐོག་འབྲི་ཐུབ་མཁན་དང་འཆད་ཐུབ་མཁན་བོད་པའི་ནང་ནས་འཐོན་དགོས་ཀྱི་ཡོད། རྒྱལ་སྤྱིའི་ཐོག་རྩོམ་འབྲི་མཁན་ཕྱི་རྒྱལ་མི་རིགས་ཤ་སྟག་ཡིན་པ་མ་ཟད།  དེའི་ཁར་རྒྱ་ནག་གཞུང་གིས་ཧམ་བཤད་ཁོ་ན་བྱས་ནས་བོད་འདི་གནའ་སྔ་མོ་ནས་ཁོ་པ་ཚོའི་ཡིན་ཚུལ་ཤོད་བཞིན་ཡོད།

དེར་བརྟེན་རང་ཕྱོགས་ནས་ཉམས་ཞིབ་པ་འཐོན་ནས་རྒྱ་ནག་གཞུང་ལ་ལན་འདེབས་ཀྱི་རྩོམ་ཡིག་སྤེལ་ཐུབ་པ་དགོས།   ང་ཚོ་བཙན་བྱོལ་ལ་འབྱོར་ནས་ལོ་ངོ་ ༦༠ ཙམ་འགྲོ་བཞིན་ཡོད། ལོ་ངོ་ ༦༠ ནང་ང་ཚོ་བོད་པ་ཚོ་གསར་འགྱུར་བརྒྱུད་ལམ་ཁག་ནང་འཐོན་དགོས་ཀྱི་ཡོད། དེ་བཞིན་སྤྱི་ཡོངས་ཀྱི་རྒྱ་ནག་གི་འཐབ་བྱུས་གང་ཡིན་པ་དང་། ཨེ་ཤི་ཡ་སྤྱི་ཡོངས་ཐོག་གང་བྱེད་བཞིན་ཡོད་པ། རྒྱལ་སྤྱིའི་ཐོག་ལ་གང་བྱེད་བཞིན་ཡོད་པའི་གནད་དོན་དེ་དག་ང་ཚོས་ཤེས་དགོས།

དེ་སྔོན་ན་གཞོན་ཉམས་ཞིབ་པ་ཚོ་ནོར་ཝེ་ Norway དང་མེཀ་སི་ཀོར་ Mexico རྒྱལ་སྤྱིའི་ཚོགས་འདུར་ཕེབས་མཁན་གྱི་གནམ་གྲུའི་གླ་དེ་ང་ཚོས་གནང་ཡོད། ཕྱིས་སུ་འབུམ་རམས་པའི་སློབ་སྦྱོང་གནང་བཞིན་པ་གང་ཞིག་རྒྱལ་སྤྱིའི་ཚོགས་འདུའི་ཐོག་གསུང་བཤད་གནང་རྒྱུའི་གོ་སྐབས་ཐོབ་ན་དེ་དག་གི་གནམ་གྲུའི་གླ་གནང་བར་ཆ་རྐྱེན་གཅིག་ཚང་དགོས་པ་ནི། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུའི་ཐོག་ཚོགས་བཅར་ཐེངས་གཅིག་ངེས་པར་དུ་གནང་དགོས། ང་ཚོས་མཐུན་རྐྱེན་བསྐྲུན་ཡོད། འདི་མཐུན་རྐྱེན་རེད་མ་གཏོགས་ཐོབ་ཐང་མ་རེད། ཅེས་གསལ་པོ་ཞུ་རྒྱུ་ཡིན།  ཐོབ་ཐང་མ་རེད། རྣམ་པ་ཚོར་དམིགས་བསལ་གནང་གི་ཡོད། དམིགས་བསལ་ག་རེ་བྱེད་ནས་གནང་གི་ཡོད་རེད་ཅེ་ན། ཉམས་ཞིབ་པ་ཡག་པོ་ཞིག་ཆགས་པའི་རེ་བ་བྱེད་ནས་གནང་གི་ཡོད།

རྒྱལ་སྤྱིའི་སྡིངས་ཆའི་སྟེང་རྒྱ་མིའི་མཁས་དབང་དང་། རྒྱལ་སྤྱིའི་མཁས་དབང་མཉམ་འགྲན་བསྡུར་བྱེད་ཐུབ་མཁན་ཆགས་ཀྱི་རེད་སྙམ་པ་དང་། རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཕེབས་ནས་འབྲོག་ལམ་གྱིས་གཙོས་བོད་དང་རྒྱ་ནག་སོགས་བརྗོད་གཞི་གང་ཡིན་ནའང་གསུང་ཐུབ་མཁན་ཞིག་ཆགས་ཀྱི་རེད་སྙམ་པའི་ཐོག་ནས་དམིགས་བསལ་མཐུན་རྐྱེན་སྦྱར་གྱི་ཡོད་རེད་མ་གཏོགས་རྣམ་པ་ཚོའི་ཐོབ་ཐང་དང་སྐལ་བ་མ་རེད། འདི་གསལ་པོ་ཞུ་རྒྱུ་ཡིན།

ཁ་སྔོན་གནམ་གྲུའི་གླ་གནང་བ་རེད། འོན་ཀྱང་ཕྱི་རྒྱལ་དུ་ཕར་ཕྱིན་ནས་ཚུར་རྒྱ་གར་དུ་མ་ལོག་མཁན་རེ་གཉིས་ཡོང་བཞིན་འདུག ཉམས་ཞིབ་པ་ཡིན་ཞེས་མཐུན་རྐྱེན་ཆ་ཚང་བླངས་ཏེ་ཕྱིར་མ་ཡོང་མཁན་དེ་སྔ་ཡང་བྱུང་ཡོད་པ་ཟད། ད་དུང་ཡོང་བཞིན་ཡོད་པ་འདི་ཧ་ཅང་ངོ་ཚ་ཁ་སྐྱེངས་ཡོང་བཞིན་འདུག ང་ཚོས་རྣམ་པ་ཚོ་ཉམས་ཞིབ་པ་ཡག་པོ་ཞིག་ཆགས་རྒྱུའི་རེ་བ་བྱས་ནས་ཕྱི་རྒྱལ་ཀག་ལ་ཉམས་ཞིབ་ཆེད་གནམ་གྲུའི་གླ་ཆ་ཡན་ཆད་འབུལ་བཞིན་ཡོད། འདི་ཡིད་ལ་ཞོག

སྤྱི་ཡོངས་ནས་ང་ཚོའི་ཉམས་ཞིབ་པ་དང་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་གང་དུ་བལྟས་ཀྱང་ཉམས་ཞིབ་པ་ཚོ་ལའང་འགན་ཞིག་འདུག སྤྱི་ཚོགས་ནང་ངོ་དེབ་དང་སྤྱི་ཚོགས་དྲ་རྒྱའི་ནང་བགྲོ་གླེང་གི་གནས་ཚད་ཧ་ཅང་སྐྱོ་བོ་རེད་འདུག མི་མང་ལ་ཁག་མེད། མི་མང་གནས་ཚད་མཐོ་བོ་མེད་སྟབས་བགྲོ་གླེང་གང་གནང་བ་ཡིན་ནའང་གནས་ཚད་མཐོ་བོ་ཞིག་ཡོང་ཁག་པོ་རེད།  ཉམས་ཞིབ་པ་ཚོས་ཉམས་ཞིབ་གཏིང་ཟབ་གནང་ཡོད་ན། དེ་ལ་དཔགས་པའི་གནས་ཚད་མཐོ་རུ་འགྲོ་རྒྱུ་རེད།  ད་ལྟའི་ཆར་བོད་ནང་གི་སྤྱི་ཚོགས་དྲ་རྒྱའི་སྟེང་བགྲོ་གླེང་གནང་སྟངས་དང་། བཙན་བྱོལ་གྱི་སྤྱི་ཚོགས་དྲ་རྒྱའི་སྟེང་བགྲོ་གླེང་གནང་སྟངས་ལ་ལྟ་བ་ཡིན་ན། ང་ཚོ་བོད་སྐད་དང་། མཆན་འགོད་སྟངས། སྤུས་ཚད་སྐྱོ་བ་འདུག ཁ་ཤས་འབུམ་རམས་པ་དང་དགེ་རྒན་གྱི་མིང་འཁྱེར་འདུག་ཀྱང་མཆན་ལ་ལྟ་སྐབས་སེམས་པ་སྐྱོ་དགོས་པ་དེ་འདྲ་རེད་འདུག  ཕྱོགས་ལྷུང་དང་ཚིག་འབྲི་སྟངས་ཀྱི་སྤུས་ཚད་མེད་པ། ཞེ་ས་དང་གུས་ཞབས། ཡ་རབས་བཟང་སྤྱོད་མེད་པ་དེ་འདྲར་ལྟ་སྐབས་སེམས་སྐྱོ་དགོས་པ་དེ་འདྲ་རེད་འདུག  ཅེས་སོགས་ཀྱི་གསུང་བཤད་གནང་།།

 

 

 

 

 

 

 

 

 

 

 

 

Share with your friends










Submit