ཟླ་བ་ ༨ ཚེས ༡༨ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༨ ཚེས་ ༡༨ རེས་གཟའ་པ་སངས།

༄༅། །ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་བོད་ནང་གི་དགོན་སྡེ་ཁག་དང་བཙུན་དགོན་ཁག་གི་ཆོས་བྱེད་དགེ་བཙུན་རྣམས་ཀྱི་རྒྱུན་ལྡན་ཆོས་ཕྱོགས་ཀྱི་བྱེད་སྒོར་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་བཞིན་པ་དེར་སྐྱོན་བརྗོད་ཤུགས་ཆེ་གནང་འདུག

ལྷག་པར་སྙན་ཐོ་དེའི་ནང་བོད་ཀྱི་དགོན་སྡེ་ཁག་ནས་བོད་མི་གྲྭ་བཙུན་མང་པོ་ཞིག་གར་སོང་ཆ་མེད་དུ་འགྲོ་བཞིན་པ་དང་།  དགོན་པའི་ནང་དུ་རྒྱ་མིའི་ཉེན་རྟོག་མི་སྣ་བཙན་དབང་ཐོག་འཛུལ་ནས་གྲྭ་བཙུན་རྣམས་ལ་དམ་བསྒྲགས་སུན་གཙེར་བཟོ་བཞིན་པ།  ཉེས་མེད་གྲྭ་བཙུན་རྣམས་ལ་དུས་ཡུན་རིང་པོའི་རིང་བཀག་ཉར་བྱེད་བཞིན་པ་བཅས་གསལ་བཏོན་གནང་ནས་སྐྱོན་བརྗོད་ཤུགས་ཆེ་གནང་བའི་ནང་འཁོད་དོན།   རྒྱ་ནག་གཞུང་གིས་འཛམ་གླིང་ནང་བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་བསྟི་གནས་ཁང་ཆེ་ཤོས་སུ་གྲགས་པ་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་གཉིས་ནང་གྲྭ་བཙུན་གྱི་གཟིམ་ཤག་མང་པོ་རྩ་གཏོར་བཏང་དང་གཏོང་བཞིན་པ་མ་ཟད།  ད་བར་དགོན་པ་དེ་དག་ནས་གྲྭ་བཙུན་གྲངས་ ༢༠༠༠ ལྷག་རང་གི་ཕ་ཡུལ་དུ་ཕྱིར་འབུད་བཏང་བ་མ་ཟད།  དགོན་པ་ནས་ཕྱིར་འབུད་བཏང་བའི་གྲྭ་བཙུན་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ཟེར་བ་སྤེལ་བཞིན་ཡོད། ཅེས་འཁོད།

དེ་ཡང་དོན་ཚན་བཞི་ཅན་གྱི་སྙན་ཐོ་དེའི་ནང་གི་དོན་ཚན་བཞི་པ་དེའི་ནང་ཨ་རིའི་གཞུང་གི་ལངས་ཕྱོགས་སྐོར་འགྲེལ་བརྗོད་གནང་དོན།  ཨ་རིའི་སྲིད་འཛིན་མཆོག་དང་ཕྱི་སྲིད་དྲུང་ཆེ་མཆོག  པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་པ་མཆོག དེ་བཞིན་ཁྲན་ཏུའི་ནང་གི་ཨ་རིའི་ཆེ་མཐོའི་སྐུ་ཚབ་མཆོག་བཅས་ཀྱིས་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་ཏུ་ཆོས་དད་རང་དབང་གི་ཐོབ་ཐང་ཆེ་ཙམ་སྤྲོད་དགོས་པའི་ཐོག་འབད་བརྩོན་མུ་མཐུད་གནང་ཡོད། ཅེས་སོགས་འཁོད་འདུག།

 

Share with your friends










Submit