མདུན་ཤོག » Flash Mobile » གསར་གནས། »

ཕ་མས་ནང་དུ་ཕྲུ་གུར་རྒྱུན་དུ་བོད་སྐད་ཐོག་ནས་སྐད་ཆ་ཤོད་རོགས།

Share with your friends










Submit

༢༠༡༧ ཟླ་ ༨ ཚེས་ ༡༧ རེས་གཟའ་ཕུར་བུ།

༄༅། །ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གིས་ཨོ་རེ་གོན་ Oregon མངའ་སྡེའི་རྒྱལ་ས་པོཌ་ལེནྜི་ Portland ནང་བྱང་ཨ་རི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་ཆེན་ཐེངས་དྲུག་པའི་ཐོག་སྐུ་མགྲོན་དུ་ཕེབས་པའི་བོད་མི་ཚོར་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་གསུང་པ་དང་ལྷན།  ཕ་མས་ནང་དུ་ཕྲུ་གུར་རྒྱུན་དུ་བོད་སྐད་ཐོག་ནས་སྐད་ཆ་ཤོད་རོགས་ཞེས་འབོད་སྐུལ་ཤུགས་ཆེ་གནང་འདུག

དེ་ཡང་ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༢  དང་ ༡༣ བཅས་ཉིན་གྲངས་གཉིས་རིང་ལྷན་ཚོགས་སྐབས་དོན་ཚན་ ༡༤ གཏན་འབེབས་གནང་འདུག   དོན་ཚན་དེ་དག་གཙོ་བོ་སློབ་ཁྲིད་ཀྱི་ཐབས་ལམ་ཡར་རྒྱས་གཏོང་རྒྱུ་དང་།  ཕྲུ་གུ་ཚོར་ཕ་མས་བོད་སྐད་རྒྱག་རྒྱུར་བརྒྱུད་སྐུལ་བྱ་རྒྱུ་ཙམ་མ་ཟད། ཕ་མ་རང་ཉིད་ལྟར་བོད་སྐད་ཆུ་རྒྱུག་རྒྱུག་རྒྱག་ཐུབ་རྒྱུ་ཡིན་པའི་ཡིད་ཆེས་དང་གདེང་སྤོབས་སྐྲུན་ཐུབ་པ་དགོས་རྒྱུ་བཅས་ཡིན་འདུག

གཞན་ཡང་སྐབས་དེར་བྱང་ཨ་རིའི་སྤྱི་འཐུས་ཚེ་དབང་རིག་འཛིན་ལགས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་།་སྐད་ཡིག་སོགས་བོད་མིས་སྲུང་སྐྱོབ་བྱེད་དགོས་པ་ཧ་ཅང་གལ་ཆེ་ཡིན་ཚུལ་སྐོར་གསུང་པ་མ་ཟད།   ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་ཚེ་རིང་བསམ་གྲུབ་ལགས་དང་། བློ་བཟང་དོན་གྲུབ་ལགས།  དེ་བཞིན་ཚེ་རིང་བཀྲ་ཤིས་ལགས་བཅས་ནས་ཀྱང་གཏམ་བཤད་གནང་འདུག  བྱང་ཨ་རིའི་ནང་གི་བོད་རིགས་སློབ་གྲྭ་ ༡༢ ནས་སྐུ་ཚབ་མི་གྲངས་ ༣༡  ལྷན་ཚོགས་སུ་མཉམ་ཞུགས་གནང་འདུག  ལྷན་ཚོགས་གོ་སྒྲིག་གནང་མཁན་སྐུ་ཚབ་དོན་ཁང་ཡིན་ཞིང་། མཐུན་འགྱུར་ས་གནས་བོད་མིའི་རིག་གཞུང་སྲུང་སྐྱོབ་མཐུན་ཚོགས་ནས་སྦྱར་འདུག

ཕྱོགས་མཚུངས་ཕྱི་ཚེས་ ༡༤ དང་ ༡༥ ཉིན་སྐུ་ཚབ་དོན་གཅོད་ཀྱིས་གྲོང་ཁྱེར་ཀ་མ་སིའི་ Camas སྒྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་སི་ཀོཌ་ཧིག་གེན་སི་ Scott Higgins མཆོག་དང་།  གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེབ་མརྐ་ལེ་ Jeff Merkley མཆོག་གི་ལས་ཁུངས་སུ་ཕྱག་ལས་གནང་མཁན་ལས་བྱེད་ཁག་གཅིག  དེ་བཞིན་ཨོ་རེ་གོན་མངའ་སྡེའི་མང་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་སུ་ཛ་ནེ་བྷོ་ན་མི་ཅི་ Rep. Suzanne Bonamici མཆོག་དང་ཀཌ་ཤྲེ་ཌར་ Kurt Schrader མཆོག   གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཇིམ་མེ་ཧ་རེ་ར་ Rep Jaime Herrera Beutler མཆོག   དེ་བཞིན་གྲོས་ཚོགས་གོང་མའི་འཐུས་མི་རོམ་ཝེ་ཌོན་ Senator Ron Wyden མཆོག་བཅས་དང་མཇལ་འཕྲད་གནང་འདུག

སྐབས་དེར་སྐུ་ཚབ་དོན་གཅོད་ཀྱིས་ཨ་རིའི་ནང་གི་བོད་མི་ཚོའི་གནས་སྟངས་སྤྱི་དང་།  ལྷག་པར་གྲོས་ཚོགས་ནས་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་གཏན་འབེབས་གནང་བའི་སྐོར།  དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་གྱི་སྐོར་ངོ་སྤྲོད་གནང་བ་དང་སྦྲགས།  འཐུས་མི་རྣམས་ནས་འབྲེལ་ཡོད་ལས་ཁུངས་སུ་བོད་ཕྲུག་རྣམས་ལ་དང་བླངས་ཐོག་ལས་ཀ་བྱ་རྒྱུའི་གོ་སྐབས་གནང་ཐུབ་ཚེ་བོད་ཕྲུག་རྣམས་ཀྱི་མཐོང་རྒྱ་ཐོས་རྒྱ་དང་ཉམས་གསོག་ཆེད་ཕན་རླབས་ཡོང་རྒྱུ་ཡིན་སྐོར་ཞུས།

དེ་བཞིན་ཨོ་རེ་གོན་མངའ་སྡེའི་ནང་རྟེན་གཞི་བྱས་པའི་རྫོགས་ཆེན་ཤྲི་སིངྷ་ཆོས་ཚོགས་སུ་ཕེབས་སྐབས་རྫོགས་ཆེན་ཆོས་དགའ་རིན་པོ་ཆེ་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག སྐབས་དེར་སྐུ་ཚབ་དོན་གཅོད་མཆོག་གིས་ས་གནས་གྲོས་ཚོགས་འཐུས་མི་བརྒྱུད་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་དགོས་པའི་སྐོར་སོགས་གསུངས།།

Share with your friends










Submit