མདུན་ཤོག » Featured Mobile » གསར་གནས། » པར་རིས་གནས་ཚུལ། »

དེ་རིང་གི་བོད་འདི་སང་ཉིན་ཁྱེད་ཚོ་ཆགས་ཉེན་ཡོད།

Share with your friends










Submit

༢༠༡༧ ཟླ་ ༨ ཚེས་ ༡༡ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ཀེན་བྷེ་ར་ནང་དུ་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་སུ་ National Press Club of Australia  བོད་དང་ཨོ་སི་ཊོ་ལི་ཡ། སྟོབས་འབྱོར་མངའ་ཐང་རྒྱས་བཞིན་པའི་རྒྱ་ནག་ནང་དུ་མང་གཙོ་ཇི་ལྟར་གནས་ཐུབ་བམ། ཞེས་པའི་བརྗོད་གཞིའི་ཐོག་བོད་དོན་གསུང་བཤད་གནང་འདུག

སྐབས་དེར་ཡུལ་དེའི་གསར་འགོད་པ་དང་རྩོམ་སྒྲིག་པ་གྲགས་ཅན་གཙོ་གྲས་རྣམས་ཕེབས་འདུག་པ་མ་ཟད།  ལྷག་པར་རྒྱལ་ཡོངས་སུ་ཆབ་སྲིད་ཀྱི་གནད་དོན་དང་འབྲེལ་བའི་དཔྱད་གླེང་སྐབས་རྣོ་ངར་ལྡན་པའི་ཐོག་ནས་གསུང་བཤད་གནང་མཁན་གྲགས་ཅན་སྐུ་ཞབས་ Chris Uhlmann ལགས་ཀྱིས་ལས་རིམ་གཙོ་སྐྱོང་གནང་འདུག

དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་ནས་ཞི་དྲག་གི་ཐབས་ལམ་གཉིས་ཀྱི་ཐོག་ནས་བོད་ནང་དབང་སྒྱུར་བྱེད་ཐབས་བྱས་པའི་བརྒྱུད་རིམ་སྐོར་གསུང་དོན།  རྒྱ་ནག་ཆ་རྒྱུས་ཡོང་བར་བོད་ཀྱི་གནས་སྟངས་ཤེས་དགོས།  བོད་ཀྱི་གནད་དོན་སྐོར་མ་ཤེས་པར་ཁྱེད་ཚོས་རྒྱ་ནག་སྐོར་དང་རྒྱ་ནག་གི་སྲིད་བྱུས་སྐོར་ནམ་ཡང་ཤེས་ཐབས་བྲལ། 

བོད་ནང་རྒྱ་མི་ཡོང་སྐབས་བོད་མི་རྣམས་ལ་རོགས་རམ་བྱེད་མཁན་ཡིན་ཚུལ་དང་བོད་མིའི་ཞིང་འབྲོག་གི་འཚོ་བ་ཡར་རྒྱས་གཏང་རྒྱུ་ཁོ་པ་ཚོའི་ལས་འགན་ཡིན་ཚུལ་བཤད་པ་མ་ཟད།  བོད་ནང་ཡར་རྒྱས་བཏང་ཟིན་རྗེས་རྒྱ་མི་ཚོ་བོད་དུ་སྡོད་རོགས་ཟེར་ཡང་བསྡད་རྒྱུ་མིན་ཚུལ་སོགས་བཤད་ཡོད།

རྒྱ་མིས་བོད་ནང་འཛུགས་སྐྲུན་ཡར་རྒྱས་ལ་སྙད་ནས་གཞུང་ལམ་དང་ཟམ་པ། གནམ་ཐང་སོགས་བཟོས་པ་མ་ཟད།  རང་གི་མངོན་འདོད་རྣམས་བོད་མིའི་ཐོག་ལག་བསྟར་དོན་འཁྱོལ་ཡོང་སླད་བོད་མི་ཚོས་དད་བཀུར་ཞུ་ས་བླ་ཆེན་ཁག་དང་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཡོད་པའི་སྐུ་དྲག་སོགས་འབྱོར་ལྡན་གྲལ་རིམ་གྱི་ནང་མི་ཁག་གཅིག་དང་ལག་སྦྲེལ་བྱས་ནས་བོད་མི་རྣམས་ཀྱི་བསམ་བློ་བཀུག་ཐབས་བྱས་ཡོད་ཀྱང་ལམ་ལྷོངས་བྱུང་མེད།

རྒྱ་ནག་གཞུང་གི་བོད་ནང་དྲང་བདེན་མིན་པའི་སྲིད་བྱུས་ལག་བསྟར་བྱས་པའི་ཉེར་ལེན་ལ་བརྟེན་ནས་བོད་མི་ས་ཡ་གཅིག་ལྷག་ཙམ་གྱི་ཚེ་སྲོག་ཤོར་ཡོད།  བོད་མི་དམར་བསད་བཏང་བ་དང་། གུང་ཁྲན་རིང་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་ཟེར་བ་ལག་བསྟར་འོག་བོད་དུ་སྔར་མ་གྲགས་པའི་མུ་གེ་བྱུང་བའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་བ།  དེ་བཞིན་ཁག་གཅིག་ངལ་རྩོལ་འོག་ཤི་བ་སོགས་བྱུང་ཡོད།

རྒྱ་མིས་བོད་ནང་དབང་སྒྱུར་བྱས་པའི་རྗེས་འབྲས་སུ་བོད་ནང་གི་དགོན་སྡེ་བརྒྱ་ཆ་ ༩༨ གཏོར་བཤིག་བཏང་བ་མ་ཟད།  གྲྭ་བཙུན་བརྒྱ་ཆ་ ༩༩ སྐྱ་སར་ཕབ།  ཐོག་མའི་འཆར་རྒྱ་མིའི་སྲིད་བྱུས་ངོ་མ་དེ་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་རྒྱུ་དང་། བོད་རིགས་རྒྱ་རིགས་སུ་སྒྱུར་ཐབས་བྱ་རྒྱུ་དེ་ཡིན།   དེར་བརྟེན་ཁོ་པ་ཚོས་བོད་ཀྱི་ཆོས་དང་རིག་གཞུང་། སྤྱི་ཚོགས་ཀྱི་དཔལ་ཡོན་བཅས་ཀྱི་རྨང་གཞི་དེ་དག་རྩ་མེད་བཟོ་ཐབས་བྱས་ཡོད།    

ད་ཆ་ང་ཚོ་ཚང་མས་ཡིད་གཟབ་བྱ་དགོས་པ་ནི།  རྒྱ་ནག་གཞུང་གིས་ཚོང་དང་འཛུགས་སྐྲུན་ཡར་རྒྱས་ཀྱི་ལས་གཞི་དང་འབྲེལ་བའི་མིང་འདོགས་སྣ་ཚོགས་འོག་འཛམ་གླིང་ས་ཕྱོགས་གང་སར་དབང་སྒྱུར་དང་དཔུང་འཇུག་བྱེད་ཐབས་བྱེད་བཞིན་པ་དེ་ཡིན།

ཨོ་གླིང་ལ་མཚོན་ནའང་རྒྱ་ནག་ནི་ཚོང་འབྲེལ་བྱ་ཡུལ་རོགས་པ་གལ་ཆེ་ཤོས་ཤིག་ཆགས་ཡོད།  རྒྱ་ནག་དང་འབྲེལ་བ་ཤུགས་ཆེན་པོ་འཛུགས་རྒྱུ་ནི་ཡུལ་འདིའི་དཔལ་འབྱོར་ཁེ་ཕན་ཆེད་དུ་དགོས་མཁོ་ཡོད་པ་ཞིག་ཀྱང་ཡིན།  འོན་ཀྱང་ད་ཆ་རིམ་བཞིན་ཡུལ་འདིའི་ནང་དུའང་རྒྱ་ནག་གི་གཡོ་བྱུས་རྗེན་འཆར་དུ་མངོན་བཞིན་པ་དེར་སེམས་འཚབ་ཇེ་ཆེར་ཡོང་བཞིན་ཡོད། 

སྲིད་གཞུང་ཇི་འདྲ་ཞིག་ཡིན་རུང་རྒྱལ་ཁབ་གཞན་ལ་འཇམ་པོའི་སྟོབས་ཤུགས་ཀྱི་ཤུགས་རྐྱེན་སྤྲད་ཐུབ་ན་བསམ་པ་ཡོད།  དེ་ནི་འགྲོ་སྟངས་ཤིག་རེད། འོན་ཀྱང་ཤུགས་རྐྱེན་སྤྲོད་སྟངས་དེ་རྒྱ་ནག་གཞུང་ལྟར་རྒྱལ་ཁབ་གཞན་ལ་བཙན་དབང་བཏང་བ་དང་། ཁ་ལ་མི་ཉན་མཁན་ཚོར་སྡིགས་ར་བཏང་བ་སོགས་ཀྱི་བྱེད་བབ་དེ་དག་ནི་ཨོ་གླིང་ཡུལ་འདིས་ཧ་ཅང་གཙིགས་ཆེར་འཛིན་བཞིན་པའི་མང་གཙོའི་ལྟ་གྲུབ་ཀྱི་དགོངས་དོན་དང་ཡོངས་སུ་རྒྱབ་འགལ་ཆགས་ཡོད་པ་མ་ཟད།  ཉེན་ཁ་ཞིག་ཀྱང་ཆགས་ཡོད།  

དེར་བརྟེན་ང་རང་བོད་མི་ཞིག་ཡིན་པའི་ངོས་ནས་བོད་ནང་དེ་སྔ་ཕྱི་ལོ་ ༡༩༥༠ འགོ་སྟོད་དུ་གནས་ཚུལ་གང་བྱུང་བ་རྣམས་བཤད་དགོས་པ་ཆགས་ཡོད། དེ་རིང་གི་བོད་དེ་སང་ཉིན་ཁྱེད་ཚོ་ཆགས་ཉེན་ཡོད། དེང་སྐབས་འཛམ་གླིང་ས་ཕྱོགས་གང་སར་གླེང་སློང་བྱེད་བཞིན་པ་ལྟར་ན་རྒྱ་ནག་གི་སྲིད་བྱུས་ལ་སེམས་འཚབ་ཇེ་ཆེར་འགྲོ་བཞིན་འདུག  ཅེས་གསུངས།

དེ་རྗེས་ལས་རིམ་གཙོ་སྐྱོང་བས་འདས་པའི་ལོ་ངོ་ ༣༠ རིང་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཤུགས་ཆེ་འགྲོ་བཞིན་པ་དེར་བསྔགས་བརྗོད་དང་སྦྲགས་གསུང་དོན།  རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཕྱིན་པར་བརྟེན་རྒྱ་ནག་མི་དམངས་དབུལ་ཕོངས་ས་ཡ་མང་པོ་བདེ་བར་འགོད་ཐུབ་པ་ནི་བསྔགས་འོས་སུ་གྱུར་ཡང་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་ཁོ་ན་ཡར་རྒྱས་བཏང་བ་ཙམ་གྱིས་རྒྱལ་ཁབ་དེ་ཕུལ་དུ་བྱུང་བ་ཞིག་ཡིན་པར་ངོས་འཛིན་བྱ་ཐབས་མེད་པ་དང་།  རྒྱལ་ཁབ་ཕུལ་དུ་བྱུང་མིན་ནི་གཙོ་བོ་སྲིད་གཞུང་གིས་མི་མང་རྣམས་ལ་གུས་བཀུར་ཆེ་མཐོང་ཇི་ཙམ་སྤྲད་མིན་ལ་རག་ལུས་ཡོད། དེར་བརྟེན་དེ་རིང་བོད་ནང་ཉམས་མྱོང་གང་བྱུང་བ་དེ་དག་ང་ཚོས་མ་བརྗེད་པར་དེ་ནས་བློ་སྐྱེད་བླང་ཐུབ་པ་དགོས། ཅེས་གསུངས།

ཐེངས་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསར་འགོད་མཐུན་ཚོགས་དེར་གསུང་བཤད་གནང་ཐེངས་གཉིས་པ་ཆགས་ཡོད། དེ་སྔ་ཕྱི་ལོ་ ༢༠༡༢ ཟླ་ ༦ ནང་ཐེངས་ཤིག་ཁུལ་དེར་ཕེབས་ཡོད་པ་བཅས།།

Share with your friends










Submit