མདུན་ཤོག » Featured Mobile » གསར་གནས། » པར་རིས་གནས་ཚུལ། »

དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་གནང་བ།

Share with your friends










Submit

༢༠༡༧ ཟླ་ ༨ ཚེས་  ༡༠ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མི་སྤྱི་དང་ལྷག་པར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་།  གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་ཚོགས་ཆུང་གི་འཐུས་མི་རྣམས་དང་མཇལ་འཕྲད་གནང་ནས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་།

གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རི་ཆ་ཌི་ན་ཏ་ལེ་མཆོག་ལ་ཕྱག་རྟགས་འབུལ་བཞིན་པ།

རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག   ཁོར་ཡུག་སོགས་དངོས་ཤུགས་བརྒྱུད་གསུམ་ནས་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པ་སོགས་ལ་བརྟེན།

གྲོས་ཚོགས་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམས་དང་ལྷན།

ད་ཆ་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་གི་བོད་དུ་ལག་བསྟར་བྱེད་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་རང་ལུས་མེར་སྲེག་གི་ལམ་ནས་ཞི་རྒོལ་རྔམ་སྟོན་བྱེད་བཞིན་པ་དང་།

ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༥༠ མ་ཟིན་ཙམ་གྱིས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བ།  རང་སྲེག་ལས་འགུལ་སྤེལ་མཁན་ཁྲོད་བོད་མི་རྒན་གཞོན་བར་གསུམ་ཡོད་པ་མ་ཟད།  ཤེས་ཡོན་ཡོད་མེད་དང་།  ཕོ་མོ་དབྱེར་མེད།   དགེ་འདུན་པ་དང་བཙུན་མ།  དེ་བཞིན་ཞིང་པ་དང་འབྲོག་པ་སོགས་མདོར་ན་བོད་ཆོལ་ཁ་གསུམ་ནས་བོད་མི་ཚོས་གདོང་ལེན་བྱེད་བཞིན་པ་དང་།
དེ་བཞིན་དེང་སྐབས་རྒྱ་ནག་གཞུང་གིས་འཛམ་གླིང་ནང་བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་བྱ་ཡུལ་བསྟི་གནས་ཁང་ཆེ་ཤོས་སུ་གྲགས་པ་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་གྱི་གྲ་ཤག་གཏོར་བཤིག་བཏང་བ་དང་།   དགོན་པའི་དགེ་བཙུན་སློབ་གཉེར་བ་རྣམས་ཀྱི་གྲངས་འབོར་ལ་དམ་བསྒྲགས་བྱེད་བཞིན་པ་མ་ཟད།   དགོན་པ་ནས་ཕ་ཡུལ་དུ་ཕྱིར་འབུད་བཏང་བའི་གྲ་བཙུན་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ཟེར་བ་བཙན་གྱིས་སྤེལ་བཞིན་ཡོད་སྐོར།

ཕྱོགས་མཚུངས་བོད་མི་འབྲོག་པ་རྣམས་ལ་མཚོན་ནའང་འབྲོག་པ་རྣམས་རྩ་ཐང་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་ཁྱེར་ཟེར་བར་བཙན་དབང་འོག་གནས་སྤོ་བྱེད་འཇུག་བཞིན་ཡོད།  སྲིད་བྱུས་དེའི་འོག་རྒྱ་ནག་གཞུང་གིས་རིམ་བཞིན་རང་བྱུང་གཏེར་དངོས་ཀྱི་ཕྱུག་པའི་བོད་ཀྱི་རྩྭ་ཐང་ཐོག་གང་བྱུང་གཏེར་ཁ་སྔོག་འདོན་གྱི་ལས་གཞི་རྒྱ་སྐྱེད་གཏོང་རྒྱུ་དང་།  རྩ་ཐང་ཐོག་མི་རབས་མང་པོའི་རིང་རང་བྱུང་ཁམས་དང་མཐུན་བཤིབ་བཟང་པོ་ཡོད་པའི་འབྲོག་པ་ས་ཡ་མང་པོ་ད་ཆ་རང་གི་ཕྱུགས་རྣམས་མི་འདོད་བཞིན་དུ་བཤས་རར་སྡེབ་ཚོང་བརྒྱབ་ནས་དངུལ་གང་ཐོབ་པ་རྣམས་རྫོགས་མཐར་འབྲོག་པ་རྣམས་ལ་གྲོང་ཁྱེར་ནང་འཚོ་བ་བསྐྱལ་རྒྱུར་ལག་ཤེས་སོགས་མེད་སྟབས་དཀའ་ངལ་ཧ་ཅང་འཕྲད་བཞིན་པའི་གནས་སྟངས།

སྐུ་ཞབས་མེ་ཁལ་ཌན་བྷེ་མཆོག Michael Danby

དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་ཕྱི་ལོ་ ༡༩༧༤ དུས་སྐབས་ནས་བོད་མི་ཚོས་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་མ་རྩོད་པར་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཐོབ་ཆེད་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་གསལ་ཐབས་བྱེད་བཞིན་ཡོད་ཀྱང་།  རྒྱ་ནག་གཞུང་གིས་ད་བར་དོན་ཕན་ལྡན་པའི་གྲོས་མོལ་ཡོང་ཐབས་སླད་འབད་བརྩོན་མི་བྱེད་པ་དང་།

གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམ་པ།

གཞན་ཡང་སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་མི་བཀྲ་ཤིས་དབང་ཕྱུག་མི་སྒེར་གྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སླད་མ་སྐུལ་དྭང་བླངས་ཐོག་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕྱིན་ནས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཁོངས་སུ་བརྩི་བཞིན་པའི་བོད་ཀྱི་སྐད་ཡིག་ལ་ཆེད་མངགས་མཐོང་ཆུང་ཁྱད་གསོད་བྱེད་བཞིན་པའི་སྲིད་བྱུས་ལ་ཁྲིམས་གཏུག་གི་ལམ་ནས་གདོང་ལེན་གནང་བཞིན་ཡོད་པ་རྣམས་ཞིབ་ཕྲ་གསལ་བཤད་གནང་འདུག

སྐུ་ཞབས་མེ་ཁལ་ཌན་བྷེ་མཆོག Michael Danby

སྐབས་དེར་གྲོས་ཚོགས་འཐུས་མི་རྣམས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གི་གསལ་བཤད་རྣམས་ལ་གསན་ཞིབ་གནང་བ་དང་སྦྲགས།   བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེའི་རྣམ་པ་གསལ་འདོན་གནང་བ་མ་ཟད།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་ བ་མི་རིགས་ཡོངས་ལ་བྱམས་བརྩེའི་ལམ་སྟོན་མཛད་བཞིན་པའི་མཛད་བཟང་ལ་བསྡངགས་བརྗོད་ཞུས་པ་དང་ལྷན།    བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གང་ཐུབ་གནང་རྒྱུའི་ཁས་ལེན་ཡང་གནང་འདུག།

Share with your friends










Submit