མདུན་ཤོག » Featured Mobile » གསར་གནས། » པར་རིས་གནས་ཚུལ། »

དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་གཞོན་པ་གསར་འདེམས་བྱུང་བར་འཚམས་འདྲི་ཞུས་པ།

Share with your friends










Submit

༢༠༡༧ ཟླ་ ༨ ཚེས་ ༧ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་སྐུ་ཞབས་ཝེན་ཀཡ་ནྱཌུ་ Shri Venkaiah Naidu མཆོག་རྒྱ་གར་གྱི་སྲིད་འཛིན་གཞོན་པར་འོས་འདེམས་བྱུང་བར་འཚམས་འདྲི་ཞུ་དོན།   ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་མཆོག་རྒྱ་གར་གྱི་སྲིད་འཛིན་གཞོན་པར་འོས་འདེམས་བྱུང་བར་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།

ཁྲིམས་ལུགས་ལྟར་རྒྱ་གར་གྱི་སྲིད་འཛིན་གཞོན་པ་ནི་རང་བཞིན་གྱི་གྲོས་ཚོགས་གོང་མའི་ཚོགས་གཙོ་ཡིན་ཞིང་།  གྲོས་ཚོགས་གོང་མ་ནི་ཁྲིམས་ལུགས་གཏན་འབེབས་གནང་རྒྱུའི་ལས་དོན་ཐོག་ཐུགས་ཁུར་ཆེན་པོ་བཞེས་མཁན་ཞིག་ཡིན་པ་མ་ཟད།   ལྷག་པར་འདས་པའི་ལོ་གསུམ་ནང་གྲོས་ཚོགས་གོང་མས་ཁྲིམས་ལུགས་གཏན་འབེབས་དང་འབྲེལ་བའི་རྒྱ་གར་ཆབ་སྲིད་ཀྱི་ལས་དོན་གལ་གནད་ཆེ་བ་མང་པོ་ཞིག་ཐག་གཅོད་གནང་རྒྱུ་དང་འབྲེལ་བའི་ལས་དོན་ཐོག་དམིགས་བསལ་དོ་ཁུར་ཆེ་བཞེས་གནང་དང་གནང་མུས་ཡིན་སྟབས་སྐུ་ཉིད་མཆོག་གི་ལས་འགན་དེ་དེ་བས་གལ་གནད་ཧ་ཅང་ཆེན་པོ་ཞིག་ཆགས་ཡོད།

སྤྱིར་སྐུ་ཉིད་མཆོག་ནི་ཉམས་མྱོང་ལྡན་པའི་ཆབ་སྲིད་མི་སྣ་ཞིག་དང་ཡུན་རིང་ནས་མང་ཚོགས་ཀྱི་བདེ་དོན་ཆེད་ཞབས་ཞུ་བསྒྲུབས་མྱོང་ཡོད་སྟབས།   གྲོས་ཚོགས་དང་འཛིན་སྐྱོང་བཀའ་ཤག་དབར་ལྗིད་མཉམ་སྟངས་འཛིན་གང་ལེགས་གནང་བ་བརྒྱུད་མང་གཙོའི་ལམ་བཟང་སྲུང་སྐྱོབ་གནང་ཐུབ་རྒྱུ་མ་ཟད།   ལས་དོན་གང་ཅིར་ཕྱོགས་ལྷུང་སྤངས་ཏེ་རྩ་ཁྲིམས་ནང་གསལ་ལྟར་སྲིད་འཛིན་གཞོན་པའི་ཆེ་མཐོང་དེ་ཉིད་གོང་དུ་འདེགས་ཐུབ་རྒྱུ་ཡིན་པ་ངས་ཡིད་ཆེས་ཞུ་བཞིན་ཡོད།     

ང་ཚོས་སྐུ་ཉིད་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་གཞོན་པ་གསར་པའི་ལས་གནས་ཐོག་ཕྱག་ལས་གནང་ཡུན་རིང་ལས་དོན་གང་ཅིར་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་མ་ཟད།  རྒྱ་གར་གྱིས་ཡུན་རིང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་།  བོད་མི་རྣམས་ལ་རྒྱབ་སྐྱོར་ཞུ་བཞིན་པ་དེ་རྒྱུན་སྲིང་ཐོག་བོད་ཀྱི་གནད་དོན་དེ་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་གྲོས་མོལ་གྱི་ལམ་ནས་གསལ་ཐབས་ཡོང་སླད་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ཡིད་ཆེས་ཞུ་བཞིན་ཡོད།  ཅེས་འཁོད།

སྤྱིར་སྐུ་ཞབས་ཝེན་ཀཡ་ནྱཌུ་མཆོག་ནི་རྒྱ་གར་བྷི་ཇེ་པི་  BJP ཆབ་སྲིད་ཚོགས་པའི་དབུ་ཁྲིད་རྒན་གྲས་ཤིག་ཡིན་ཞིང་།  རེས་གཟའ་སྤེན་པའི་ཉིན་རྒྱ་གར་གྱི་སྲིད་འཛིན་གཞོན་པ་ཐེངས་ ༡༥ འོས་འདེམས་གནང་འདུག

 

 

Share with your friends










Submit