ཟླ་བ་ ༨ ཚེས ༡༨ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༨ ཚེས་ ༡༨ རེས་གཟའ་པ་སངས།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨབ་རི་ཀའི་གླིང་ཆེན་གྱི་བྷོཌ་སྭ་ན་ཡུལ་དུ་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱང་མ་ཐུབ་པར་བརྟེན་ཡུལ་དེའི་སྲིད་འཛིན་མཆོག་དང་།   བགྲོ་གླེང་ལྷན་ཚོགས་གོ་སྒྲིག་ཞུ་མཁན་དང་ཚོགས་བཅར་བ་བཅས་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན།

ཐེངས་འདིར་ངོས་རང་ལྷན་ཚོགས་སུ་བཅར་མ་ཐུབ་པར་ཧ་ཅང་བློ་འགྱོད་ཡོད།  ཕལ་ཆེར་ལོ་གཅིག་གོང་ངོས་ལ་ལྷན་ཚོགས་སུ་ཡོང་རོགས་ཞེས་མགྲོན་བརྡ་འབྱོར་སྐབས་སྤྲོ་སྣང་གི་ཚོར་བ་ཤུགས་ཆེ་ཞིག་བསྐྱེད་བྱུང་། གང་ཡིན་བརྗོད་ན་ཨབ་རི་ཀའི་གླིང་ཆེན་ནི་ཧ་ཅང་ཆེ་ཞིང་ནུས་པའང་ཧ་ཅང་ལྡན་ཡོད།  འོན་ཀྱང་འདས་པའི་ཟླ་བ་གཉིས་ཙམ་རིང་ངོས་རང་ལས་རིམ་གྲ་སྒྲིག་སྔོན་ལྟར་ཧ་ཅང་བྲེལ་བ་བྱུང་།  དཔེར་ན་ལ་དྭགས་ནང་ཟླ་བ་གཅིག་ཙམ་རིང་བསྡད་པ་ཡིན།  ས་ཆ་མཐོ་ཡང་རྒྱུན་ལྡན་ངོས་ཀྱི་ལུས་པོར་དཀའ་ངལ་དེ་འདྲ་གང་ཡང་མེད། འོན་ཀྱང་ཐེངས་འདིར་ཕལ་ཆེར་ལོ་ནའི་བབ་ཀྱི་ཡིན་ངེས་རེད།  ཧ་ཅང་ཐང་ཆད་བྱུང་།  ལྷག་པར་རྒྱ་གར་ནས་བྷོཌ་སྭ་ནར་མཁའ་ལམ་བརྒྱུད་ནས་ཆུ་ཚོད་མང་པོ་འགྲོ་དགོས་སྟབས། སེམས་གྱིས་ལྕོགས་ཀྱང་ལུས་པོས་མ་ལྕོགས་པ་རེད། དེར་བརྟེན་མཐར་ལས་རིམ་ཕྱིར་བསྡུ་བྱ་དགོས་ཐུག་བྱུང་།

འོན་ཀྱང་ལྷན་ཚོགས་དེ་མུ་མཐུད་ནས་ཚོགས་ཐུབ་ན་བསམ་པའི་རྒྱབ་སྐྱོར་གྱི་འདུན་པ་ཤུགས་ཆེ་ཡོད། ལྷག་པར་སྲིད་འཛིན་མཆོག་གིས་མཛད་དཀའ་ཡོད་ཀྱང་དེར་མ་འཛེམས་པར་ངོས་རང་ཡུལ་དེར་མགྲོན་འབོད་གནང་རྒྱུས་མཚོན་བཅོས་མིན་ལྷག་བསམ་བཟང་པོ་དང་འདུན་པ་ཆེན་པོའི་ཐོག་ནས་ཐུགས་འཁུར་ཧ་ཅང་གནང་བྱུང་། དེར་བརྟེན་ངོས་ཀྱིས་སྙིང་ཐག་པ་ནས་དགོངས་སེལ་ཞུ་རྒྱུ་ཡིན།  ཐེངས་འདིར་ངོས་རང་ལྷན་ཚོགས་སུ་བཅར་མ་ཐུབ་པ་དེ་ལས་རིམ་ཕྱིར་བསྡུ་བྱས་པ་ཞིག་ལ་ངོས་འཛིན་བྱ་རྒྱུ་ཡིན།  གོ་སྐབས་དེ་འདྲ་འབྱུང་འགྱུར་སླར་ཡང་ཡོང་ངེས་གཏན་རེད།

བགྲོ་གླེང་ལྷན་ཚོགས་དེར་མཚོན་ན།  འཛམ་གླིང་མི་འབོར་ཐེར་འབུམ་བདུན་ཡོད་པ་རྣམས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་བཞིན་ཡོད། འདི་ནི་ངོས་ཀྱིས་རྒྱུན་དུ་གོང་མཐོར་གཏོང་ཐབས་བྱེད་བཞིན་ཡོད།   ཁྱེད་རང་ཚོའི་སྲོལ་རྒྱུན་ནང་དུའང་ཨུ་བྷུན་ཏུ་ Ubuntu ཞེས་པའི་ཐ་སྙད་ཡོད། ཐ་སྙད་དེའི་གོ་དོན་ཡང་འགྲོ་བ་མི་རྣམས་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུ་གལ་ཆེ་ཡིན་པ་བརྗོད་བཞིན་ཡོད།

དེང་སྐབས་འགྲོ་བ་མི་རྣམས་ལ་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་ཕན་ཚུན་མི་འདྲ་བའི་གནས་སྟངས་ཕྲན་བུ་ཡོད་པ་དེ་དག་ལ་གཙིགས་ཆེར་འཛིན་པར་བརྟེན་དཀའ་ངལ་འཕྲད་བཞིན་ཡོད།  དཔེར་ན་རྒྱལ་ཁབ་དང་ཆོས་ལུགས།  མི་རིགས་མི་འདྲ་བ་དེ་དག་རིམ་པ་གཉིས་པའི་གནས་སྟངས་ཤིག་ཡིན། ད་ཆ་དངོས་ཡོད་གནས་སྟངས་ཆ་ནས་དཀའ་ངལ་དེ་དག་སེལ་རྒྱུའི་ཐབས་ལམ་ཉག་གཅིག་ཡོད་པ་ནི་ང་ཚོས་འགྲོ་བ་མི་རིགས་ཐེར་འབུམ་བདུན་ཡོད་པ་རྣམས་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་རྒྱུ་དེ་ཡིན།

ཁྱེད་རང་ཚོའི་ལམ་ལུགས་དེ་གནའ་རབས་ཀྱི་སྲོལ་རྒྱུན་ལམ་ལུགས་རྙིང་པ་ཞིག་ཡིན་ནའང་། ད་ལྟའི་འཛམ་གླིང་གི་གནས་སྟངས་ཐོག་འབྲེལ་བ་ཧ་ཅང་འདུག  དེར་བརྟེན་་ཁྱེད་རང་ཚོའི་སྲོལ་རྒྱུན་ལམ་ལུགས་དེའི་རིན་ཐང་དང་གལ་གནད་ཐོག་གོ་བསྡུར་སྦྱང་བཤད་མང་ཙམ་གནང་ནས་ད་དུང་ཁྱབ་སྤེལ་ཇི་ལྟར་གཏོང་དགོས་མིན་ཐད་འབད་བརྩོན་གང་མང་གནང་རོགས།

ངོས་རང་ད་ཆ་ལོ་ན་ ༨༢ སོན་པའི་མི་ཞིག་ཡིན། དངོས་འབྲེལ་བྱས་ན་ངོས་རང་དུས་རབས་ ༢༠ མི་རབས་ཁོངས་སུ་གཏོགས།  ཕྱི་ལོ་ ༡༩༣༥ ནས་ ༡༩༤༠།༡༩༥༠།༡༩༦༠ བཅས་ངོས་ཀྱིས་མཐོང་ཡོད།   ཉམས་མྱོང་དེ་དག་ཕྱོགས་བསྡོམས་བྱེད་ནས་ལྟ་སྐབས་འགྲོ་བ་མི་རྣམས་ལ་དཀའ་ངལ་མང་པོ་ཞིག་འཕྲད་པའི་ཉམས་མྱོང་འོག་ནས་ཕྲན་བུ་ཞི་དུལ་ཆགས་པ་ཙམ་མ་ཟད།  ཞི་བདེ་དང་འཆམ་མཐུན་གྱི་སྤྱི་ཚོགས་ལ་འདུན་པ་སྔར་བས་ཤུགས་ཆེ་རུ་ཕྱིན་པའི་མཐོང་སྣང་བྱུང་།

དུས་རབས་ ༢༠ འགོ་སྟོད་སྐབས་མིའི་བསམ་བློའི་ནང་འཚེ་བ་དང་དམག་ཟེར་སྐབས་མི་ཚེའི་ཆ་ཤས་ཤིག་དང་དཀའ་ངལ་སེལ་རྒྱུའི་ཐབས་ལམ་མཆོག་ལྟ་བུར་ངོས་འཛིན་བྱས་ནས་ཕྱིན་པ་རེད།  འོན་ཀྱང་དུས་རབས་དེའི་མཇུག་ཙམ་ནས་བསམ་བློ་དེར་འགྱུར་བ་ཕྱིན་ཡོད།  ད་ཆ་དུས་རབས་ ༢༡ ནང་སླེབ་ཡོད།  འཚེ་བའི་ལས་འགུལ་ཕྲན་བུ་ཡོང་བཞིན་ཡོད། དེ་ནི་ངོས་ཀྱིས་བསམ་པར་འདས་པའི་དུས་རབས་ནང་བྱུང་བའི་མིའི་བསམ་བློའི་ཤུགས་རྐྱེན་ལ་བརྟེན་ནས་བྱུང་བ་ཞིག་རེད། དེའི་ཚེ་དེའིི་དུས་ང་ཚོས་དཀའ་ངལ་འཕྲད་མ་ཐག་ལམ་སེང་དྲག་པོའི་སྟོབས་ཤུགས་ཀྱི་ཐོག་ནས་དཀའ་ངལ་སེལ་ཐབས་བྱས་ཡོད།  བསམ་བློ་གཏོང་སྟངས་དེ་ལམ་ལུགས་རྙིང་པ་ཞིག་ཡིན་སྟབས་ད་ཆ་དུས་ཚོད་ཡོལ་ཟིན་པ་རེད།

འགྲོ་བ་མི་རིགས་ཇི་སྲིད་ནམ་གནས་ཀྱི་བར་ཕན་ཚུན་བསམ་ཚུལ་མི་མཐུན་པ་དང་དཀའ་ངལ་རིགས་གནས་རྒྱུ་རེད།  དཀའ་ངལ་དེ་དག་མིས་བཟོས་པ་ཞིག་ཡིན་སྟབས་དཀའ་ངལ་སེལ་ཐབས་དེའང་མིའི་རྣམ་དཔྱོད་ཀྱི་ཐོག་ནས་སེལ་ཐབས་བྱེད་དགོས།  དེ་ནི་དཀའ་ངལ་དེ་དག་ཕན་ཚུན་སྐད་ཆ་བཤད་ནས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱ་རྒྱུ་ཡིན།  ངོས་ཀྱིས་དུས་རྟག་ཏུ་དུས་རབས་ ༢༡ འདི་འཚེ་མེད་ཞི་བའི་དུས་རབས་གཅིག་ཡོང་སླད་གྲོས་མོལ་གྱི་དུས་རབས་ཤིག་ཡོང་ཐབས་བྱེད་བཞིན་ཡོད།

ཞི་བདེ་ངོ་མ་དེ་བསམ་བློའི་ནང་ཡོང་དགོས། བསམ་བློའི་ནང་ཞི་བདེ་ཡོད་ཚེ་བསམ་ཚུལ་མི་མཐུན་པའི་རིགས་བྱུང་མ་ཐག་ལམ་སེང་གཞན་གྱི་བསམ་ཚུལ་དང་ཐོབ་ཐང་ལ་གུས་བཀུར་དང་བཅས་ཕན་ཚུན་མི་མཐུན་པ་རྣམས་གྲོས་མོལ་བརྒྱུད་ནས་སེལ་ཐུབ། དེ་འདྲ་བྱུང་ན་གཉིས་སྨན་གྱི་ལམ་ནས་དཀའ་ངལ་སེལ་ཐུབ། འདི་ནི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་ཉག་གཅིག་ཡིན།

བྷོཌ་སྭ་ནའི་ཡུལ་གྱིས་ལངས་ཕྱོགས་དེའི་ཐོག་ཞབས་འདེགས་གལ་ཆེ་བསྒྲུབ་ཐུབ་རྒྱུ་རེད་བསམ་པ་དྲན་བཞིན་འདུག   སྐབས་རེ་རྒྱལ་ཁབ་ཆུང་བ་དེ་ཚོར་ཞི་བདེ་སྐྲུན་རྒྱུའི་ནུས་པ་ཆེ་བ་ཡོད་པ་ལྟ་བུ་འདུག འདི་ནི་ངོས་ཀྱི་བསམ་ཚུལ་རང་ཡིན།

མཐའ་དོན་ངོས་ཀྱིས་གོ་སྒྲིག་ཚོགས་ཆུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ལྷག་དོན་སྲིད་འཛིན་མཆོག་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྲིད་འཛིན་མཆོག་གིས་ཐེངས་འདིར་འབད་བརྩོན་ཧ་ཅང་གནང་བར་ངོས་ཀྱིས་སེམས་ཚོར་ཆེན་པོའི་ཐོག་ནས་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན།   ང་ཚོ་ཕན་ཚུན་དབར་ས་ཐག་བར་ཁྱད་ཆེ་ཡང་དུས་རྟག་ཏུ་ཁྱེད་རྣམས་དང་སེམས་ཐག་ཧ་ཅང་ཉེས་པོ་ཡོད།  ཐུགས་རྗེ་ཆེ།།

Share with your friends










Submit