མདུན་ཤོག » Featured Mobile » གསར་གནས། » པར་རིས་གནས་ཚུལ། »

༸གོང་ས་མཆོག་གིས་མཚན་ཞབས་ངག་དབང་རྡོ་རྗེ་མཆོག་གི་༸སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་པར་རིས་འགྲེམས་སྟོན་ཁག་ལ་ཐུགས་ཞིབ་མཛད་པ།

Share with your friends










Submit

༢༠༡༧ ཟླ་ ༨ ཚེས་ ༩ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༧ དང་ ༨ བཅས་ཉིན་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པས་རྒྱ་གར་རྒྱལ་ས་ལྡི་ལིར་ཏཱཇ་གསོལ་མགྲོན་ཁང་དུ། ༸རྒྱལ་དབང་༸སྐུ་ཕྲེང་ ༡༣ ཆེན་པོ་མཆོག་གི་མཚན་ཞབས་ངག་དབང་རྡོ་རྗེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་པར་རིས་འགྲེམས་སྟོན་མཚན་ཞབས་ངག་དབང་རྡོ་རྗེའི་རྗེས་དྲན། ཞེས་པ་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཕྱི་ཚེས་ ༧ ཉིན་འགྲེམས་སྟོན་ཡོད་སར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ཐུགས་ཞིབ་མཛད།

སྤྱིར་ཉིན་གཉིས་རིང་གི་འགྲེམས་སྟོན་དེ་བཞིན་རྒྱལ་ས་ལྡི་ལི་ཏཱཇ་གསོལ་མགྲོན་ཁང་དུ་༸གོང་ས་མཆོག་དབུ་བཞུགས་ཐོག་རུ་སུའི་ཚན་རིག་པ་གྲགས་ཅན་ཁག་ཅིག་དང་བོད་བརྒྱུད་ནང་བསྟན་གྱི་མཁས་པའི་དབར་བགྲོ་གླེང་ལྷན་ཚོགས་སྐབས་དང་བསྟུན་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག གོ་སྒྲིག་ཞུ་མཁན་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པ་དང་མོ་སི་ཀོ་སྐུ་ཚབ་དོན་ཁང་གཉིས་བཟུང་འབྲེལ་ཐོག་ཡིན་འདུག

བགྲོ་གླེང་ལྷན་ཚོགས་སུ་བཅར་མཁན་རུ་སུའི་ཚན་རིག་པས་གཙོས་མང་ཚོགས་བཅས་ཀྱི་འགྲེམས་སྟོན་ལ་དོ་སྣང་ཧ་ཅང་གནང་བ་མ་ཟད། རུ་སུ་མི་སྣ་ཞིག་གིས་ལོ་རྒྱུས་ཐོག་ནས་བོད་དང་ཨ་རུ་སུ་གཉིས་འབྲེལ་བ་དམ་ཟབ་ཡོད་པ་དེ་སྔ་རྒྱུས་མངའ་རྩ་བ་ནས་མེད་ཐེངས་འདིར་མཚན་ཞབས་ངག་དབང་རྡོ་རྗེའི་སྐུ་ཚེའི་ལོ་རྒྱུས་ནས་བོད་དང་ཨུ་རུ་སུ་གཉིས་དེ་སྔ་ནས་འབྲེལ་བ་ཡོད་པ་ཤེས་རྟོགས་ཐུབ་སྟབས་ཁོང་རང་དགའ་ཚོར་དང་ངོ་མཚར་སྐྱེད་དགོས་པ་བྱུང་ཚུལ་གསུངས།

དེ་ཡང་མཚན་ཞབས་ངག་དབང་རྡོ་རྗེ་མཆོག་ནི་ཕྱི་ལོ་ ༡༨༥༤ ལོར་སྐུ་འཁྲུངས་ཤིང་ཕྱི་ལོ་ ༡༩༣༨ ལོར་སྐུ་གཤེགས་འདུག ཁོང་ནི་ཨུ་རུ་སུའི་ནང་པའི་དགེ་འདུན་པ་ཞིག་ཡིན་ཞིང་། དགེ་ལུགས་ཆོས་བརྒྱུད་ཁོངས་སུ་གཏོགས། ཁོང་༸གོང་ས་༸སྐུ་ཕྲེང་ ༡༣ ཆེན་པོ་མཆོག་གི་མཚན་ཞབས་བདུན་ནས་གཅིག་ཡིན་འདུག་ཅིང་། ཡོངས་གྲགས་སུ་མཚན་ཉིད་མཁན་པོ་ཞེས་ཞུ་སྲོལ་ཡོད། ཁོང་གི་༸རྒྱལ་དབང་༸སྐུ་ཕྲེང་ ༡༣ ཐུབ་བསྟན་རྒྱ་མཚོ་མཆོག་དང་རུ་སུའི་རྒྱལ་པོ་ཙར་ Czar རྣམ་གཉིས་དབར་འབྲེལ་བ་འཛུགས་མཁན་གཙོ་བོ་ཡིན་འདུག

ཕྱོགས་མཚུངས་ཁོང་གིས་ཕྱི་ལོ་ ༡༩༠༩ ལོར་ཨུ་རུ་སུའི་གྲོང་ཁྱེར་སན་པི་ཊར་སི་བྷག་ St. Petersburg ཏུ་ནང་པའི་དགོན་པ་ཐོག་མ་བཞེངས་པ་དང་། སྐབས་དེར་༸གོང་ས་༸སྐུ་ཕྲེང་ ༡༣ ཆེན་པོ་མཆོག་གིས་དཔལ་འབྱོར་གྱི་མཐུན་འགྱུར་གཙོ་བོ་གསོལ་སྩལ་མཛད་འདུག གཞན་ཡང་ཁོང་གིས་ཕྱི་ལོ་ ༡༩༡༣ ལོར་བོད་སོག་གཉིས་དབར་ཆིངས་ཡིག་བཞག་སྐབས་ཁོང་གིས་བོད་པའི་ངོ་ཚབ་ཞུས་ནས་མཚན་རྟགས་བཀོད་གནང་འདུག་པ་བཅས།།

Share with your friends










Submit