ཟླ་བ་ ༨ ཚེས ༢༩ ༢༠༡༧
Published By Bhara Yeshi

ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༢༩ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༢༩ ཉིན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀོ་རི་ཡ་དང་། མཱ་ལེ་ཤི་ཡ། སིང་ག་པུར། ཐའེ་ལན་ཌི། ཝེ་དི་ནམ་བཅས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་དད་ལྡན་ཆོས་ཞུ་བ་རྣམས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་བུདྡྷ་པཱ་ལི་ཏའི་བཀའ་ཁྲིད་དབུ་འཛུགས་མཛད་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་༸གོང་ས་མཆོག་ཕོ་བྲང་ནས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་སྤོས་སྣེས་སྔོན་བསུས་ཏེ་གཙུག་ལག་ཁང་གི་ཡང་སྟེང་དུ་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་རྗེས་བཀའ་ཆོས་དབུ་འཛུགས་སྩལ་དོན། དེ་རིང་འདིར་ཨེ་ཤི་ཡའི་ཤར་ལྷོ་ནས་ཀོ་རི་ཡ་དང་། ཐའེ་ལན་ཌི་སོགས་ལ་གསུང་ཆོས་ཕལ་ཆེར་ནམ་རྒྱུན་ལོ་ལྟར་བྱེད་ཀྱི་ཡོད། དེ་རིང་འདིར་བཀའ་ཆོས་བྱེད་རྒྱུ་ཡིན།

དེ་རིང་འདིར་མ་སྒྲིག་ལྷུན་གྲུབ་ལྟ་བུར་དགའ་ལྡན་ཁྲི་པ་གསར་མཇལ་གནང་རྒྱུ་ཡིན། དགའ་ལྡན་ཁྲི་པ་ཡར་ཕེབས་རྒྱུ་ནི། ཐོག་མར་གྲྭ་པ་གྲྭ་རྐྱང་བྱས་ནས་སློབ་གཉེར་གནང་། དེ་ནས་རིམ་པས་དགེ་བཤེས་བཞག་ཚར་བའི་རྗེས་སུ་བརྒྱུད་གྲྭར་བཞུགས། བརྒྱུད་པའི་ལས་སྣེ་རིམ་པ་གནང་སྟེ་ཤར་བྱང་ཆོས་རྗེ་བཅས་དེ་ལྟར་དགའ་ལྡན་ཁྲི་ལ་ཕེབས་རྒྱུར་སྔར་ནས་ལུགས་སྲོལ་ཧ་ཅང་སྤུས་དག་པོ་འདུག

བར་སྐབས་ཕྲན་བུ་ཉམས་ཆག་ཕྱིན་པ་དེ་༸སྐུ་མདུན་༸སྐུ་གོང་མའི་སྐབས་སླར་ཡང་ཞིབ་འཇུག་གནང་ནས་རྩོད་རྒྱུགས་བཞེས་ནས་ཨང་དང་པོ་ཐོན་པ་དེ་ཡར་ཕེབས་རྒྱུ་གནང་བ་རེད།  དེའི་གོང་ལ་བླ་མ་ཆོས་མཛད་དེ་འདྲ་ཁ་ཤས་ཡར་ཕེབས་ཡོད་པ་མིན་ནམ། དེ་དག་ཁྲི་ལ་ཕེབས་རྒྱུ་མེད་པ་བཟོས་གནང་བ་རེད། དེ་དུས་རྩོད་རྒྱུགས་བཞེས་ནས་མཁས་པ་རྩེར་སོན་གྱིས་ཤར་བྱང་ཆོས་རྗེ་ནས་ཡར་ཕེབས་ཏེ་ཁྲི་པ་གནང་བ་དེ་ཁྲི་པ་ཡེ་ཤེས་དབང་ལྡན་ཞེས་པ་དེ་ཆགས་ཡོད། དངོས་འབྲེལ་རྩོད་པའི་ཁྱུ་མཆོག་མཁས་པའི་དབང་པོ་ཆགས་ཡོད། དེ་ལྟར་སྤྱིར་འགྲོ་སྟངས་ཆ་ནས་དགའ་ལྡན་ཁྲི་པ་གནང་རྒྱུ་ནི་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་ཆགས་ཀྱི་ཡོད། ཁྲི་པ་དང་པོ་ནི་རྒྱལ་ཚབ་ཐམས་ཅད་མཁྱེན་པ་དར་མ་རིན་ཆེན་རེད། རིམ་པས་འཇམ་དབྱངས་གཙང་པ་བདུན་རྒྱུད་ཅེས་གཙང་པ་མང་པོ་བྱུང་བའི་སྐད་ཆ་རེད། དེ་རིང་སླར་ཡང་གཙང་པ་ཞིག་སླེབ་ཡོད། དགའ་ལྡན་ཁྲི་པ་གསར་མཇལ་འདི་དེ་རིང་འདིར་གནང་ན་ཡག་པོ་འདུག་ཅེས་ཞུ་རྒྱུ་བྱུང་། ཞེས་བཀའ་སློབ་སྩལ་རྗེས་དགའ་ལྡན་ཁྲི་ཐོག་ ༡༠༤ རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་མཇལ་ཁ་དང་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ལ་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་སྩལ།

དེ་ནས་པཱ་ལི་དང་རྒྱ་ནག་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་རྗེས་མགོན་པོ་གང་ཉིད་མཆོག་གིས་མུ་མཐུད་བཀའ་སློབ་སྩལ་དོན། དེ་རིང་འདིར་ཆོས་འབྲེལ་བྱེད་ཡུལ་གཙོ་བོ་ནི། བསྐུལ་བ་པོ་ནི་ལྷོ་ཤར་ཨེ་ཤི་ཡའི་ནང་པའི་ཡུལ་ཁག་ཐུན་མོང་ཐོག་ནས་བསྐུལ་མ་བྱས་ཏེ་ཆོས་འབྲེལ་བྱེད་རྒྱུ་རེད། དེ་རིང་ཆོས་འབྲེལ་བྱེད་རྒྱུ་ནི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་ཕལ་ཆེར་དང་པོ་གྲས་མིན་ནམ་བུདྡྷ་པཱ་ལི་ཏ་ནི་གཙོ་བོ་ལུང་རྒྱུན་རེད། ངོས་ཀྱིས་བུདྡྷ་པཱ་ལི་ཏ་དང་དེ་བཞིན་དབུ་མ་ཚིག་གསལ་ལ་སོགས་པ་མང་པོ་ཞིག་ཁྲི་ཟུར་རིན་པོ་ཆེའི་སྐུ་མདུན་ནས་ཞུས་པ་རེད།

གཞུང་དེ་དག་བསྟན་འགྱུར་ནང་ཡོད་པའི་གཞུང་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། དེ་ཚོའི་གྲས་ལུང་རྒྱུན་མ་གཏོགས་ཡོད་མ་རེད་ཅེས་དེ་ལྟར་འཇོག་པ་ཡིན་ན་ཧ་ཅང་ཕངས་པོ་འདྲ་ཞིག་མཐོང་གི་འདུག དེར་བརྟེན་སྔོན་ལ་བཤད་རྒྱུན་ཡོན་ན་མེད་ནའང་བཤད་པ་ཕྲན་བུ་བྱེད་ཐུབ་ན་མཁས་པའི་དབང་པོ་དེ་དག་གིས་ཐུགས་ཀྱི་སྨོན་ལམ་ཤུགས་དྲག་ཐོག་ནས་གཞུང་དེ་དག་མཛད་པ་རེད། ད་ལྟ་དུས་རབས་ ༢༡ ནང་སླེབ་ཡོད། མཁས་པའི་དབང་པོ་དེ་དག་གི་གཞུང་རྣམས་ཇི་མ་ཇི་བཞིན་བཤད་ཐུབ་རྒྱུ་ཁག་པོ་རེད། འོན་ཀྱང་རོབ་ཙམ་འཆད་ཉན་བྱེད་ཐུབ་ན་བསྐལ་བ་བཟང་པོ་རེད། མཛད་པོ་དེ་དག་གི་ཐུགས་ཀྱི་བཞེད་དོན་འགྲུབ་རྒྱུའི་ཞབས་འདེགས་ལ་འགྲོ་རྒྱུ་རེད། དེར་བརྟེན་མཁས་པའི་དབང་པོ་དེ་ཚོའི་གྲས་ཀྱི་གཞུང་ངོས་ཀྱིས་འབད་བརྩོན་བྱེད་ཀྱི་ཡོད།

དེ་རིང་འདིར་བུདྡྷ་པཱ་ལི་ཏ་བཤད་རོགས་བགྱིས་ཞེས་རེ་འདུན་བྱུང་བ་རེད། ཁྱེད་རང་ཚོས་དོན་གཉེར་ཆེན་པོའི་ཐོག་ནས་དེ་དག་སྐད་ཡིག་མི་འདྲ་བ་ཁ་ཤས་ཐོག་རབ་བྱེད་བརྒྱད་པ་བར་བསྒྱུར་འདུག བོད་ལ་ལུགས་སྲོལ་དེ་ལྟར་མེད་པ་མ་རེད། དཔེར་ན་བརྒྱད་སྟོང་པའི་བཤད་ལུང་སྔ་མོ་ནས་ཕལ་ཆེར་མེད། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་སྐབས་ལ་བརྒྱད་སྟོང་པའི་བཤད་ལུང་གནང་བའི་བྱུང་རབས་འདུག དེ་ནས་བརྒྱད་སྟོང་པའི་བཤད་ལུང་གི་རྒྱུན་བྱུང་བ་ཡིན་པ་རེད། དེར་བརྟེན་ལུང་རྒྱུན་གྱི་ཐོག་ནས་ལུགས་སྲོལ་ཞིག་ཡོད་པའི་བཟོ་འདྲ་ཞིག་འདུག གཙོ་བོ་ངོས་ཀྱིས་ཞུ་རྒྱུའི་རྒྱུ་མཚན་འདི་ཡིན།

གང་ལྟར་གཞུང་དེ་དག་དཔལ་ནཱ་ལེནྡྲའི་ཡོངས་གྲགས་ཀྱི་མཁས་པའི་དབང་པོ་དེ་ཚོས་མཛད་པའི་གཞུང་ཆགས་ཀྱི་འདུག ང་རང་ཚོའི་བསྟན་པ་སྤྱི་ལ་བསམ་བློ་གཏང་བ་ཡིན་ནའང་། ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་རྒྱ་ནག་དང་ཀོ་རི་ཡ། ཉི་ཧོང་ལ་ཆ་བཞག་པ་ཡིན་ནའང་རེད། བོད་ལ་ཆ་བཞག་ནའང་བསྟན་པ་སྔ་དར་དང་ཕྱི་དར་ཞེས་བསྟན་པ་སྔ་དར་གྱི་རྙིང་མ་དང་། བསྟན་པ་ཕྱི་དར་གྱི་གསར་མ་བཀའ་བརྒྱུད། ས་སྐྱ། བཀའ་གདམས། བཀའ་གདམས་གསར་མ། དགེ་ལུགས་བཅས་དེ་དག་ཚང་མ་རྩ་བ་རྒྱ་གཞུང་ལ་ཁུངས་གཏུག་པ་ཤ་སྟག་རེད།

དེར་བརྟེན་རྒྱ་གཞུང་དེ་དག་གང་ཐུབ་ཕྲན་བུ་གོམས་འདྲིས་བྱུང་ན། རྩ་བའི་བོད་ཀྱི་ནང་ཆོས་དང་འཛམ་གླིང་འདིའི་སྟེང་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་གྱིས་ཁུངས་གཏུག་སའི་གཞུང་བཀའ་འགྱུར་བསྟན་འགྱུར་ཞེས་སྨོན་ལམ་རྒྱག་ཡུལ་ལ་མི་གཞག་པར་ཕྲན་བུ་ལྟ་ཐུབ་ན་གལ་ཆེན་པོ་མཐོང་གི་འདུག གནས་སྟངས་འདི་ལྟར་ཡིན།

རྩ་བ་ཤེས་རབ་དབུ་མ་རིགས་ཚོགས་དྲུག་གི་བཤད་ལུང་གི་རྒྱུན་ཞིག་དེ་སྔ་བོད་ནས་ཡོད་པ་རེད། ངོས་ལ་གསེར་ཀོང་མཚན་ཞབས་རིན་པོ་ཆེའི་སྐུ་མདུན་ནས་རིགས་ཚོགས་དྲུག་གི་བཤད་ལུང་ཐོབ་པ་རེད། གསེར་ཀོང་རིན་པོ་ཆེས་ཕལ་ཆེར་མཚོ་སྣ་སྐུ་གོང་མའི་སྐུ་མདུན་ནས་ཕལ་ཆེར་གསན་པ་ཡོད། གང་ལྟར་བཤད་ལུང་གི་རྒྱུན་ཞིག་ཡོད་པ་རེད། ཕྱིས་སུ་རྩ་བ་ཤེས་རབ་ཀྱི་བཤད་ལུང་ཞིག་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་སྐུ་མདུན་ནས་ངོས་ལ་ཐེངས་གཅིག་ཐོབ་བྱུང་། ཁོང་ནི་ལེགས་སྦྱར་གི་གསུང་ལ་མཁས་པ་ཡིན་སྟབས། བོད་ཡིག་གི་རྩ་བ་ཤེས་རབ་ཀྱི་དཔེ་ཆའི་ནང་མི་མཐུན་པ་དེ་འདྲ་ལེགས་སྦྱར་ནང་ཕྲན་བུ་ཡོད་པ་དེ་དག་རིན་པོ་ཆེས་གསལ་བཤད་གནང་སྟེ་ཧ་ཅང་ཡག་པོ་བྱུང་།

རྩ་བ་ཤེས་རབ་གཙོ་བོ་བྱས་ནས་དེའི་འགྲེལ་བ་བུདྡྷ་པཱ་ལི་ཏ་གཙོ་བོ་ཆགས་ཡོད། ཚིག་གསལ་གྱི་རྩ་བ་དེའི་ཐོག་བཞག་པར་བརྟེན་གཞུང་འདི་རྩ་ཆེན་པོ་ཞིག་མཐོང་གི་འདུག མ་གཞི་ཁྱེད་རང་ཚོར་གོ་ཁག་པོ་ཆགས་ཀྱི་རེད། དབུ་མའི་གཞུང་ཕྲན་བུ་བལྟས་པའི་རྒྱུན་ཡག་པོ་མེད་ན་ལས་སླ་པོ་བྱས་ནས་ཤེས་རྒྱུ་ཁག་པོ་རེད། འོན་ཀྱང་ཁྱེད་རང་ཚོ་ཙམ་དུ་མ་ཟད་ངོས་ལ་ཆ་བཞག་ནའང་ཞིབ་ཚགས་པོ་བྱས་ནས་འགྲོ་དགོས་བྱུང་ན་ཕལ་ཆེར་བཤད་རྒྱུར་ཕྲན་བུ་ཁག་པོ་ཡོད་རེད། དཔེ་ཆ་དེ་ཚོའི་གྲས་བཤད་ལུང་ཐོབ་བྱུང་ཞེས་མ་གཞག་པར་དུས་རྒྱུན་དུ་དཔེ་ཆ་དེ་ལག་པར་ཉར་ནས་ལྟ་དགོས།

ནམ་རྒྱུན་ངོས་ཀྱིས་ནང་ཆོས་འཆད་སྐབས་སྔོན་ལ་ནང་ཆོས་ངོ་སྤྲོད་བྱེད་ཀྱི་ཡོད། དེ་རིང་ཡང་དེ་ལྟར་སྔོན་ལ་ནང་ཆོས་ངོ་སྤྲོད་བྱེད། ངོ་འཕྲོད་ནས་ནང་ཆོས་ལ་དད་མོས་སྐྱེ་བའི་མཚམས་དེར་ནང་ཆོས་ཀྱི་གཞུང་དེ་འདྲ་བལྟ་བ་ཡིན་ན་ཡག་པོ་འདུག སྔོན་ལ་ནང་ཆོས་ངོ་སྤྲོད་བྱེད་པར་དེ་རིང་འདིར་ལྷོ་ཤར་ཨེ་ཤི་ཡའི་ལུང་པ་དང་ཀོ་རི་ཡ་སོགས་ལུང་པ་མང་པོ་ཞིག་ནས་ཁྱེད་རང་ཚོ་འདིར་ཕེབས་ཡོད། སངས་རྒྱས་པའི་ཆོས་ནི། ལོ་རྒྱུས་ཐོག་ནས་མར་བཤད་ན། རྒྱ་གར་ནས་བྱུང་བ་རེད། རྒྱ་གར་ནས་ཧ་ལམ་ཨེ་ཤི་ཡ་ཡོངས་རྫོགས་ལ་ནང་པའི་ཆོས་དེ་ཁྱབ་པའི་བཟོ་འདྲ་ཞིག་འདུག

ནང་པའི་ཆོས་བརྒྱུད་ནང་པཱ་ལི་དང་ལེགས་སྦྱར་ཆོས་བརྒྱུད་བཅས་ཡོད། དེ་འདྲའི་ཆོས་བརྒྱུད་དེ་དམིགས་བསལ་མི་འདྲ་བ་གང་ཡོད་རེད་ཅེ་ན། བཅོམ་ལྡན་འདས་ཀྱིས།  །དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟགས་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན། ཞེས་གསུངས་འདུག

སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་འདི་རྒྱུ་མཚན་ལ་དཔྱད་པ་བྱས་ནས་འགྲོ་རྒྱུ་ཞིག་དང་། རྒྱུ་མཚན་ལ་དཔྱད་པ་བྱས་ཏེ་སེམས་བརྒྱུད་ལ་འཇགས་ནས་ཕན་ཐོགས་གང་འདུག སེམས་ལ་འགྱུར་བ་འགྲོ་རྒྱུ་གང་འདུག འགྱུར་བ་གཏང་ནས་ཕན་ཐོགས་གང་འདུག དེ་དག་ཚོད་ལྟ་བྱས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པའི་དགོངས་འགྲེལ་རིག་པས་བསམ་བློ་གཏང་ནས་དཔྱད་པ་བྱས་ཏེ་ངེས་པ་བརྙེད་རྒྱུ་ཡོད་པ་ཞིག་དང་། དཔྱད་པའི་དོན་དག་དེ་ཤེས་ནས་སོ་སོའི་སེམས་བརྒྱུད་ལ་འཇགས་ནས་འགྲོ་བ་ཡིན་ན་ཕན་ཐོགས་ཡོད་པ་མཐོང་ཡོང་གི་ཡོད་སྟབས། སངས་རྒྱས་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་ཡོང་རྒྱུ་ཞིག་འདུག

འཛམ་བུ་གླིང་གི་ཆོས་ལུགས་ཚང་མས་འགྲོ་བ་མི་ལ་ཕན་གྱི་ཡོད། ཧ་ཅང་ཡག་པོ་རེད། འོན་ཀྱང་དཔྱད་པ་བྱས་ནས་སངས་རྒྱས་རང་གི་བཀའ་ལ་ཡིན་ནའང་དཔྱད་པ་བྱས་ཏེ་རིག་པ་དང་བརྒལ་གྱི་འདུག་ན་སངས་རྒྱས་ཀྱི་བཀའ་ཡིན་ནའང་དགོངས་གཞི། དགོས་པ། དངོས་ལ་གནོད་བྱེད་ཀྱི་ཐོག་ནས་སྒྲ་ཇི་བཞིན་པར་ཁས་བླང་དུ་མི་རུང་བའི་ཐོག་བསྐྱལ་རྒྱུ་ཡོང་གི་ཡོད། སངས་རྒྱས་པའི་ལྟ་གྲུབ་ཀྱི་ཐོག་ནས་གསུངས་སྟངས་འདི་ཕལ་ཆེར་མི་འདྲ་བ་ཞིག་རེད་འདུག

སྤྱིར་སངས་རྒྱས་པའི་ཆོས་འདི་དེང་སང་དུས་རབས་ཉེར་གཅིག་ནང་སླེབས་ཡོད། ཚན་རིག་ཡར་རྒྱས་དང་འབྲེལ་བའི་ཐོག་ནས་དངོས་པོ་ཡར་རྒྱས། འཕྲུལ་ཆས་ཡར་རྒྱས་ཧ་ཅང་ཕྱིན་ཡོད། སྤྱིར་བཏང་འཛམ་བུ་གླིང་འདིའི་སྒང་ལ་དངོས་པོ་ཡར་རྒྱས་འགྲོ་བ་དང་ལྷན་ཤེས་ཡོན་ཡར་རྒྱས་ཕྱིན་པ་དེས་འདང་གི་འདུག་གམ་ཞེས་དྲི་བ་འདྲི་རྒྱུ་འདི་རེད། ད་ལྟ་འཛམ་གླིང་འདིའི་ཐོག་ཡོད་བཞིན་པའི་དངོས་པོ་ཡར་རྒྱས་དང་འབྲེལ་ཤེས་ཡོན་རྒྱ་ཆེན་པོ་ཡོད། དེས་འཛམ་བུ་གླིང་འདིའི་སྒང་གི་འདོད་བློ་ཆ་ཚང་སྒྲུབ་ཐུབ་ཀྱི་ཡོད་དམ་མེད་ཀྱི་ཐོག་ལ་བསམ་བློ་གཏང་དགོས་ཀྱི་འདུག

འཛམ་བུ་གླིང་གི་དངོས་ཡོད་གནས་ཚུལ་ལ་ང་ཚོ་འདིར་ཞི་བདེ་བག་ཕེབས་ངང་བསྡད་བཞིན་ཡོད། དུས་ཚོད་དེ་རང་ལ་འཛམ་གླིང་གི་ས་ཆ་འགའ་ཤས་ལ་གསོད་རེས་གཏང་བ། དབུལ་ཕོངས་ཉམ་ཐག་དང་། ལྷག་པར་བྱིས་པ་ཆུང་ཆུང་དེ་འདྲ་ལྟོགས་ནས་འཆི་འགྲོ་བ། དེ་ཚོའི་འདྲ་དཔར་ཐོང་སྐབས་སེམས་ལ་མི་བཟོད་པ་ཞིག་འདུག རང་བཞིན་འབྱུང་བའི་གནོད་པར་བརྟེན་ནས་གྲོངས་མཁན་དེ་ཚོར་ཅི་མ་རུང་སྙམ་པ་མ་གཏོགས་གཞན་བྱ་ཐབས་མེད། སྡུག་བསྔལ་མང་དག་ཅིག་མིས་བཟོས་པ་རེད། བརྩེ་བས་སྡུག་བསྔལ་བཟོ་རྒྱུ་མ་རེད། ཞེ་སྡང་གི་དབང་གིས་སྡུག་བསྔལ་དེ་དག་བཟོ་བཞིན་འདུག ཞེ་སྡང་ཐུག་ས་འདོད་ཆགས་ལ་ཐུགས་བཞིན་འདུག སོ་སོས་ཞེན་ཆགས་བྱས་ནས་ཕྱོགས་སུ་ལྷུང་བའི་བློ་འདིས་སོ་སོའི་སེམས་ཀྱི་བློ་དཀྲུག་བཞིན་འདུག

སོ་སོའི་རོགས་པ་ཚོ་ལའང་མ་སྐྱིད་པ་བཟོས་ནས་མཐར་གསོད་རེས་གཏང་བ་སོགས་འཛམ་བུ་གླིང་འདིའི་སྒང་ཡོང་བཞིན་འདུག དཀའ་ངལ་འདི་སེལ་རྒྱུའི་ཐབས་ལམ་ཡོད་དམ་མེད་ཅེས་བསམ་བློ་གཏང་བ་ཡིན་ན། ཐབས་ཤེས་ཡོད་པ་ཞིག་རེད་འདུག   ཅེས་སོགས་ཀྱི་བཀའ་སློབ་སྩལ།

སྤྱིར་ཐེངས་འདིའི་གསུང་ཆོས་ལ་ཀོ་རི་ཡ་དང་། མཱ་ལེ་ཤི་ཡ། སིང་ག་པུར། ཐའེ་ལན་ཌི། ཝེ་དི་ནམ་བཅས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་དད་ལྡན་ཆོས་ཞུ་བགྲངས་ ༡༦༠༠ གཙོ་བོར་གྱུར་པའི་ཕྱི་རྒྱལ་ལུང་པ་ཁག་ ༦༧ ནས་མི་གྲངས་ ༡༥༠༠ བརྒལ་བ་དང། དེ་བཞིན་རང་རིགས་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༥༩༠༠ བརྒལ་བ་ཆོས་ཞུར་བཅར་འདུག

Share with your friends










Submit