མདུན་ཤོག » Flash Mobile » གསར་གནས། »

༧གོང་ས་མཆོག་གིས་རྒྱལ་ས་ལྡི་ལིའི་ནང་བོད་མི་རྣམས་ལ་བཀའ་སློབ་སྩལ་བ།

Share with your friends










Submit

ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༡ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༠ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིའི་སི་རི་ཕོཌ་ཚོགས་ཁང་དུ་བོད་མི་རྣམས་ལ་བཀའ་སློབ་བཀའ་དྲིན་སྩལ་དོན། ངོས་ཀྱིས་གོང་དུ་བརྗོད་པ་དེ་རེད། ང་ཚོ་བོད་པ་གངས་ཅན་པ་ཞེས་ལོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཡོད། རྒྱ་མིའི་མཁས་དབང་དེ་འདྲས་ས་འོག་ནས་དངོས་རྫས་ཐོན་པ་དེ་འདྲ་ཉམས་ཞིབ་བྱེད་ཡོང་དུས་བོད་ཀྱི་ས་ཐོག་ཏུ་མིའི་འགྲོ་བ་ཆགས་ནས་ལོ་སྟོང་ཕྲག་སུམ་ཅུ་སྐོར་བཤད་ཀྱི་འདུག གང་ལྟར་ཡང་སྙིང་བོད་མི་རིགས་རིམ་པས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་དུས་རབས་བདུན་པའི་ནང་བོད་ཡིག་གསར་གཏོད་བྱས་པ་རེད། མཐའ་གཅིག་ཏུ་གསར་གཏོད་ཡིན་ནའང་འདྲ། ཞང་ཞུང་སྨར་ཡིག་ཡར་རྒྱས་བཏང་བ་ཡིན་ནའང་འདྲ། གང་ལྟར་བོད་ཡིག་ཟེར་རྒྱུ་ཞིག་ཟུར་དུ་ཡོད། འདི་རྒྱ་གར་ནས་དཔེ་བལྟས་འདུག གཞན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་རྒྱ་བཟའ་དང་གཉེན་སྒྲིག་གནང་སྟེ་རྒྱ་ནག་གོང་མ་ཐང་རྒྱལ་པོ་དང་འབྲེལ་བ་ཧ་ཅང་ཡོད་ནའང་། ཡི་གེ་ཡར་རྒྱས་སམ་གསར་གཏོད་གནང་རྒྱུ་ཡིན་ནའང་འདྲ་གང་ལྟར་རྒྱ་གར་ལ་དཔེ་བལྟས་པ་དང་གཅིག དེ་ནས་དུས་རབས་བརྒྱད་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ནང་ཆོས་དར་ཁྱབ་ཤུགས་ཆེན་པོ་ཡོང་རྒྱུར་དགོངས་པ་བཞེས་པའི་སྐབས་སུ་རྒྱ་ནག་ནས་མ་བཞེས་པར་རྒྱ་གར་ནཱ་ལེནྡྲ་ནས་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་ནས་དེ་ལྟར་ནཱ་ལེནྡྲའི་དྲི་མ་མེད་པའི་ཆོས་བརྒྱུད་དེ་བོད་ལ་ཚུགས་པ་རེད།

དེང་སྐབས་ཀྱི་དུས་ཚོད་ལ་འཛམ་གླིང་འདིའི་སྟེང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ། དེ་ཡང་གཙོ་བོ་རིགས་ལམ་དང་ཚད་མ་རིག་པའི་ཐོག་ནས་གཏན་ལ་ཕབ་ནས་ཡོད་པ་བོད་གཅིག་པུ་རེད་མ་གཏོགས་གཞན་ནང་པའི་ལུང་པ་སུ་གཅིག་ལའང་མི་འདུག ངོས་ཀྱིས་མི་མང་པོ་ཞིག་དང་། དེ་བཞིན་ནང་པའི་ཆོས་གྲོགས་མང་པོ་ཞིག་ཐུག་དུས་ང་ཚོ་བོད་ལ་ཡོད་པའི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་མཁན་ཆེན་ཞི་བ་འཚོས་ང་ཚོར་རྩིས་སྤྲོད་གནང་བ་དེ་འཛམ་བུ་གླིང་གི་གཅེས་ནོར་ཏན་ཏན་ཆགས་འདུག དེར་བརྟེན་སོ་སོ་མི་རིགས་ཀྱི་སྤོབས་པ་སྐྱེ་རྒྱུ་ཞིག་འདུག

འདི་དག་ལེགས་སྦྱར་སོགས་སྐད་ཡིག་གཞན་གྱི་ཐོག་ནས་འགྲེལ་བཤད་རྒྱག་མི་དགོས་པར་བོད་སྐད་གཙང་མའི་ཐོག་ནས་འགྲེལ་བཤད་ཆ་ཚང་རྒྱག་ཐུབ་ཀྱི་འདུག དཔེར་ན་ཉིན་གྲངས་གཉིས་རིང་སོག་པོའི་ཚན་རིག་པ་དང་མཁས་དབང་དེ་འདྲ་མང་པོ་ཐུག་ནས་ང་ཚོ་སྐད་ཆ་བཤད་པ་རེད། ཚན་མ་རིག་པ་དང་སེམས་ཁམས་རིག་པའི་སྐོར་འགྲེལ་བཤད་རྒྱག་དུས་བོད་སྐད་ནང་སེམས་དང་སེམས་བྱུང་། སེམས་བྱུང་ལྔ་བཅུ་རྩ་གཅིག་ཟེར་རྒྱུ་དེ་ཚོའི་གྲས་སྔ་མོ་ནས་གཏན་ལ་ཕབ་པའི་མིང་ཚིག་ཆ་ཚང་ཡོད་པ་ཞིག་རེད་འདུག དེ་ནས་རྩོད་པ་རྩོད་ནས་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་ཆོས་གྲགས། མཁན་ཆེན་ཞི་བ་འཚོ། ཀ་མ་ལ་ཤཱི་ལ་བཅས་མཁས་དབང་དེ་ཚོའི་གཞུང་དེ་དག་བོད་ཡིག་ནང་ད་ལྟ་ལྟ་རྒྱུ་ཡོད་པ་དེ་དག་བསལ་བློ་གཏོང་དུས་ང་ཚོ་བོད་ཀྱི་མེས་པོ་དེ་དག་ཧ་ཅང་གི་མིག་འགྱངས་རིང་པོའི་ཐོག་ནས་དཀའ་ལས་བརྒྱབ་ནས་བཟོས་འདུག

ང་ཚོའི་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་དེ་ཀློག་དེབ་ནང་བཞིན་ཆགས་ཡོད། དེ་དག་བསམ་བློ་གཏོང་དུས་ང་ཚོ་བོད་པའི་མི་རིགས་ཀྱི་སྤོབས་པ་དང་ཞེན་ཁོག་སླེབ་རྒྱུ་ཞིག་ཡོད། བོད་གཞིས་ལུས་རྒྱ་ཆེ་མི་མང་དེ་དག་ཆ་བཞག་པ་ཡིན་ནའང་ཧ་ལས་པའི་སྙིང་སྟོབས་རེད། ཆབ་སྲིད་ཐོག་ནས་དུས་རབས་དགུ་པའི་རྗེས་བོད་སིལ་པོ་ཆགས་ནས་ཧ་ཅང་འཐུས་ཤོར་ཕྱིན་ཡོད། འོན་ཀྱང་བོད་ཆོལ་ཁ་གསུམ་གཅིག་སྒྲིལ་བྱེད་ནས་སྡོད་རྒྱུར་སངས་རྒྱས་པའི་ཆོས་བཀའ་འགྱུར་བསྟན་འགྱུར་པོ་རི་སུམ་བརྒྱ་ཙམ་དེ་བོད་རྒྱལ་ཁབ་ཡོངས་རྫོགས་ལ་ཁྱབ་ནས་ནུབ་ལ་དྭགས་ནས་ཤར་དར་རྩེ་རྡོ་བར་ཚང་མར་ཁྱབ་སྟེ་གཅིག་སྒྲིལ་དེ་ལྟར་གནས་ཡོད། དེར་བརྟེན་ཁྱེང་རང་ཚོ་གཞོན་སྐྱེས་ཚོས་བོད་ཡིག་ལ་དོ་སྣང་ཤུགས་ཆེ་ཙམ་བྱེད་དགོས། ཤེས་སོང་ངམ།

བོད་ཡིག་ཤེས་པའི་ཐོག་ནས་བོད་ཡིག་ནང་ཡོད་པ་དཔེར་ན། ཆོས་ཁས་མ་ལེན་ནའང་སེམས་ཁམས་རིག་པ་དང་། ལྟ་གྲུབ་སྐོར། ཚད་མ་རིག་པ་དེ་དག་བོད་ཡིག་ནང་ནས་སློབ་སྦྱོང་མང་ཙམ་ཁྱེད་རང་ཚོས་བྱེད་ཐུབ་ན་ཡག་པོ་ཡོད། དེ་སྔ་ང་ཚོ་བོད་ནང་གོམས་གཤིས་ངན་པ་ཞིག་ལ། དཔེ་ཆ་དང་གཞུང་ཆེན་ལྟ་དགོས་རེད་བརྗོད་ན། གྲྭ་བའི་ལས་འགན་ཡིན་པའི་བཟོ་འདྲ་བོ། མི་སྐྱ་ཚོས་བལྟ་རྒྱུར་མིག་ལྟོས་མེད་པའི་བཟོ་འདྲ་བོ་དེ་དག་རྗེས་ལུས་རེད། སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་རིགས་པའི་གཞུང་ལུགས་དེ་ཚོའི་གྲས་སྦྱོང་དགོས་པ་དང་སློབ་དགོས་པ་རེད། ཁྱེད་རང་ཚོས་འཕྲལ་གསལ་ལ་དཔེར་ན། སློབ་གྲྭའི་ལས་ཀ་བྱེད་རྒྱུ་བཟོ་འདྲ་བོ། དགེ་རྒན་དང་སློབ་དཔོན་བྱེད་རྒྱུ་ཡིན་ནའང་འདིས་ཧ་ཅང་ཕན་ཐོགས་ཡོང་གི་རེད།

ཕྱོགས་གཅིག་ནས་མི་རིགས་ཀྱི་སྤོབས་པ་དགོས་རེད། གཉིས་ནས་བོད་ཡིག་ལ་དང་དོད་ཕྲན་བུ་བྱེད་ནས་བོད་ཡིག་ནང་ཡོད་པའི་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་ལེགས་བཤད་གཏན་ལ་ཕབ་ནས་ཡོད་པ་དེ་དག་བོད་ཡིག་ནང་ཆ་ཚང་ཡོད་པར་བརྟེན་ང་ཚོ་མི་རིགས་ཀྱི་སྤོབས་པ་སླེབ་ཀྱི་འདུག་པ་མ་ཟད། འཕྲལ་སེལ་གྱི་འཛམ་གླིང་འདིའི་སྟེང་དགོས་མཁོ་ཡོད་པ་ཞིག་ཆགས་ཡོད། ཁྱེད་རང་ཚོས་དོ་སྣང་ཤུགས་ཆེ་ཙམ་བྱོས་ཨང་། བོད་ཕྲུག་ཚོ་ཤེས་སོང་ངམ།

ཁྱེད་རང་ཚོས་སློབ་སྦྱོང་ཡག་པོ་བྱོས། བོད་ཡིག་ནང་ཡོད་པའི་རིག་གནས་དེ་དག་ཡག་པོ་ཤེས་པར་བྱོས། ཕྱིས་སུ་ཏཱ་ལའི་བླ་མ་ནང་བཞིན་ཁ་བདེ་པོ་བྱོས་ཨང་། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ།།

Share with your friends










Submit