༢༠༡༧ ཟླ་ ༧ ཚེས་ ༡ རེས་གཟའ་སྤེན་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་ཐོན་རྣམ་པར་གཟེངས་རྟགས་འབུལ་ཕྱོགས་ཀྱི་སྒྲིག་གཞི་དགོངས་དོན་ཕྱི་ལོ་ ༢༠༡༦ ལོའི་འགན་འཛིན་སྡེ་ཚན་གྱི་ལས་བྱེད་ལས་དོན་གྱི་གཟེངས་ཐོན་གཟེངས་རྟགས་འདི་བཞིན་ཀུ་ལླུ་ས་གནས་འགོ་འཛིན་དྲུང་གཞོན་བསྟན་འཛིན་སྣང་བ་ལགས་དང་། ལས་བྱའི་སྡེ་ཚན་ཁོངས་ཌལ་ཧོར་ས་གནས་འགོ་འཛིན་ལས་དོ་རབ་བརྟན་ཚེ་རིང་ལགས་སུ་ཕྱི་ཟླ་ ༧ ཚེས་ ༦ ཉིན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་ཉིན་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་གཟེངས་རྟགས་འབུལ་རྒྱུའི་ཐུགས་གཏན་འཁེལ་ཡོད།
ཀུ་ལླུ་ས་གནས་འགོ་འཛིན་དྲུང་གཞོན་བསྟན་འཛིན་སྣང་བ་ལགས་ནི།
ཕྱི་ལོ་ ༢༠༠༧ ཟླ་ ༡༠ ཚེས་ ༢༦ ཉིན་སྲི་ཞུའི་ལས་བྱེད་ཁུངས་སུ་ལས་དོ་གནས་རིམ་ལ་བསྐོ་གཞག་གིས་བྷན་ད་ར་ནོར་རྒྱལ་གླིང་ས་འགོ་ལས་ཁང་གི་ལས་དྲུང་དང་། དེ་རྗེས་ལུགས་ཟུང་བསམ་གྲུབ་གླིང་ས་འགོ་ལས་ཁང་གི་རྩིས་དྲུང་། ཕྱི་ལོ་ ༢༠༡༢།༧།༡༦ ཉིན་སྡེ་འགན་གནས་རིམ་ཐོག་གནས་སྤར་གྱིས་ཀོ་ལེ་གྷལ་དོན་ལྡན་གླིང་ས་འགོ་ལས་ཁང་གི་ལས་དྲུང་ལས་འགན་ལ་གནས་སྤོས་བཀོད་སྒྲིག་ཞུས་ཡོད། ཕྱི་ལོ་ ༢༠༡༤།༤།༢ ཉིན་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་ལ་གནས་སྤོས་གནང་བ་ལྟར་གཞིས་སྒར་གྱི་མང་ཚོགས་བདེ་དོན་བལྟ་སྐྱོང་གཙོ་བཟུང་གིས་ཁྱབ་ཁོངས་དགོན་པ་དང་། སློབ་གྲྭ བཟོ་ཚོགས་བཅས་ལ་མཐུན་འགྱུར་གང་ཐུབ་གནང་བ་མ་ཟད་ཡུལ་མི་རྣམས་ལ་བསྟུན་མཁས་ཀྱིས་ལས་དོན་འཐུས་ཚང་བསྒྲུབས་ཡོད། ལྷག་པར་དུ་གཞིས་སྒར་གྱི་འཐུང་ཆུའི་ཆུ་མཛོད་ཉམས་གསོ་དང་། ས་གནས་སྨན་ཁང་ཉམས་གསོ། གཞུང་ལམ་ཉམ་གསོ། མི་མང་ཚོགས་ཁང་ཉམས་གསོ། ལས་ཤག་ཉམས་གསོ་ཞུ་སྒོ་བཅས་ལ་ལྷོད་གཡེང་དུ་མ་སོང་བར་འཐུས་གཙང་གནང་ཡོད།
དེ་མཚུངས་གཞིས་ཁང་གཡས་གཡོན་ལམ་གློག་གསར་འཛུགས་དང་། རྐང་སྤོལ་རྩེད་ཐང་གསར་བཟོ། གཞིས་སྒར་ནང་ལྷ་མོ་ཚོགས་པ་གསར་འཛུགས་སོགས་གང་ལེགས་གནང་ཐུབ་པ་བྱུང་ཡོད། རྒྱ་གར་གཞུང་ནས་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ འོག་ཟ་འབྲུ་ལག་འཁྱེར་དང་སྒྲིག་གསལ་ཟ་འབྲུའི་སྣེ་གྲངས་ཐོབ་པ་བྱུང་ཡོད། འོས་བསྡུ་ཆེན་མོ་དང་། ས་གནས་འཐུས་ཚོགས། ས་གནས་རང་བདེན་ཚོགས་ཆུང་གི་འོས་བསྡུའི་ལས་རིམ་བྱེད་སྒོ་ཁག་ལ་རྙོག་གླེང་མེད་པར་ཞི་འཇམ་གྱི་ལམ་ནས་ལས་དོན་ཁག་གྲུབ་ཡོད། གཞིས་ཆགས་ཀྱི་སྐབས་དང་པོའི་བརྒྱ་དཔོན་ཡང་གསར་འཛུགས་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༩ ཉིན་ཀུ་ལླུ་མ་ན་ལི་ས་གནས་འགོ་འཛིན་དུ་གནས་སྤོས་གནང་རྗེས་ཁྱབ་ཁོངས་གཞིས་མི་དང་རྒས་འཁོགས་རྣམས་ལ་ལྟ་སྐྱོང་གང་ཐུབ་གནང་ཡོད་པ་མ་ཟད་པ་ཀུལ་ཡུལ་མི་དང་ཚལ་ཚོང་སྐྱིད་སྡུག་དབར་གྱི་དཀའ་རྙོག་ཞི་འཇམ་ངང་སེལ་ཐུབ་པ་བྱུང་ཡོད། ཀུ་ལུ་དཔལ་རབ་གླིང་བོད་མིའི་གཞོན་སྐྱེས་ཆེད་སིལ་པོལ་རྩེད་ཐང་གསར་རྒྱག་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༢༠༡༦ ལོར་དྲུང་གཞོན་ས་མིག་ཐོག་ཡིག་རྒྱུགས་འགྲན་བསྡུར་ཁོངས་སུ་འཛུལ་ཞུགས་ཀྱིས་རྒྱུགས་འཕྲོད་བྱུང་བ་ལྟར་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༡༠ ཉིན་གནས་དྲུང་གཞོན་ཐོག་ཀུ་ལླུ་མ་ན་ལི་ས་གནས་འགོ་འཛིན་གྱི་ལས་འགན་རང་འཇགས་བཀོད་སྒྲིག་ཞུས་པ་ལྟར་ལས་འགན་མུ་མཐུད་ཞུ་མུས་ཡིན་པ་མདོར་ན་སྲི་ཞུ་ལས་བྱེད་ཁུངས་སུ་འཛུལ་ཞུགས་རྗེས་ད་བར་གཟེངས་རྟགས་ཀྱི་དམིགས་ཡུལ་ལྟར་དྲུང་གཞོན་བསྟན་འཛིན་སྣང་བ་ལགས་ནས་རང་ནུས་གང་འཇོན་གྱིས་ལས་འགན་ཧུར་ཐག་ཆེ་བསྐྱེད་བྱས་རྗེས་རྩེ་ཕུད་ཐོན་མཁན་གྲས་སུ་ཚོགས་ཆུང་ནས་ངོས་འཛིན་གནང་ཡོད།
ཌལ་ཧོར་ས་གནས་འགོ་འཛིན་རབ་བརྟན་ཚེ་རིང་ལགས་ནི།
ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༢༨ ཉིན་སྲི་ཞུའི་ལས་བྱེད་ཁོངས་སུ་སྒྲིག་བཞུགས་ཀྱིས་ཐོག་མར་ཧ་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་ས་འགོ་ལས་ཁང་གི་ལས་དྲུང་དང་། སྐབས་དེར་ས་འགོ་ལས་ཚབ་ཡང་གནང་ཡོད། དེ་རྗེས་མེའོ་ཆོས་འཕེལ་གླིང་ས་འགོ་ལས་ཁང་གི་ལས་དྲུང་དུ་གནས་སྤོས་གནང་རྗེས་ས་གནས་ཀྱི་ས་འགོ་ལས་ཚབ་ཡང་གནང་ཡོད། ས་གནས་སུ་ལས་ཡུན་རིང་རྒས་འཁོགས་རྣམས་ཀྱི་འཚོ་བའི་ཐད་ཁྱོན་བསྡོམས་རོགས་དངུལ་ཧིན་སྒོར་ ༢༢,༠༠,༩༢༣།༠༠ སྐོར་ཞིག་ཐབས་འཚོལ་ཐུབ་པ་བྱུང་ཡོད། དེ་བཞིན་བྱིས་པའི་སློབ་ཡོན་ཐབས་འཚོལ་ཐད་ཧིན་སྒོར་ ༩༩,༩༧,༦༡༨།༠༠ དང་གཞིས་ཆགས་ནང་འཛུགས་བསྐྲུན་འཆར་གཞི་ཁག་གི་ཆེད་དུ་ཧིན་སྒོར་ ༡,༠༤,༠༨,༨༨༡།༠༠ སྐོར་ཞིག་ཐབས་འཚོལ་ཐུབ་པ་བྱུང་ཡོད། ཁེ་ན་ཌའི་གཞིས་སྤོ་ལས་གཞི་དང་འབྲེལ་བ་རྩིས་ལོ་ ༢༠༡༤་་་༡༥ ལོའི་ནང་མི་གྲངས་ ༨༥ ས་འགོའི་ལས་ཚབ་ཞུས་པའི་སྐབས་སུ་གཏན་བསྐྱོད་ཞུས་ཡོད། གཞིས་སྒར་ནང་གི་སྡོད་ཁང་གྲངས་ ༢༧༡ ཙམ་ལ་ནང་སྲིད་ལས་ཁུངས་ཀྱི་མཐུན་འགྱུར་འོག་ཉམས་གསོ་ལེགས་གྲུབ་ཐུབ་པ་བྱུང་ཡོད་པ་མ་ཟད་ས་གནས་ཀྱི་འཐུང་ཆུ་དཀའ་ངལ་སེལ་ཐབས་དང་། ཕྲུ་གུའི་ཉལ་ཁང་དུ་སྐམ་གློག་གསར་འཛུགས། ས་འགོ་ལས་ཁུངས་གསར་རྒྱག་གི་ལས་འཆར་ཁག་གང་ལེགས་གྲུབ་ཐུབ་པ་བྱུང་ཡོད།
ཕྱི་ལོ་ ༢༠༡༥།༡༠།༢༦ ཉིན་ཀྲུ་ཀྲིང་ས་གནས་འགོ་འཛིན་དུ་གནས་སྤོས་བཀོད་སྒྲིག་རྗེས་ས་གནས་ཀྱི་ནད་པ་འོར་འདྲེན་སླད་སྣུམ་འཁོར་གསར་ཉོ་ཐུབ་པ་བྱུང་སྟེ་མང་ཚོགས་ལ་དངོས་སུ་ཕན་ཐོགས་བྱུང་ཡོད། ཁྱབ་ཁོངས་ས་ཁག་ ༡༧ གྱི་སློབ་ཕྲུག་གྲངས་ ༤༢ ཙམ་མ་སུ་རི་བོད་ཁྱིམ་དུ་སློབ་ཡོན་རྩ་ཆག་ཐོག་སློབ་འཇུག་ཞུས་ཐུབ་པ་བྱུང་ཡོད། ཀྲུ་ཀྲིང་ཁུལ་དུ་གསང་སྤྱོད་མེད་པའི་དཀའ་སེལ་སླད་འཕྲོད་བསྟེན་ལས་ཁུངས་སུ་གསང་སྤྱོད་གསར་རྒྱག་གི་འཆར་ཕུལ་ལྟར་རོགས་དངུལ་གསོལ་བསྩལ་གྱིས་གསང་སྤྱོད་གྲངས་ ༦༨ ཙམ་གསར་རྒྱག་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༩ ཉིན་ཌལ་ཧོར་ས་གནས་འགོ་འཛིན་ལ་གནས་སྤོས་བཀོད་སྒྲིག་བྱུང་མ་ཐག་ཏུ་སྡོད་ཁྱིམ་ཁག་ཅིག་གི་ཉེ་འཁྲིས་སུ་ས་བསྙིལ་དཀའ་ངལ་གྱིས་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་ཉེན་ཡོད་པ་འགོག་ཐབས་སླད་ཛ་དྲག་གི་དགོས་དངུལ་ཐབས་འཚོལ་གྱིས་ད་ལྟའི་ཆར་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད། དེ་བཞིན་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་མི་མང་གང་མང་མཉམ་བཞུགས་ཐུབ་གལ་མང་ཚོགས་ལ་གོ་བསྐོན་གསལ་བཤད་གནང་བར་བརྟེན་ནས་ད་ལྟའི་ཆར་མི་གྲངས ༡༥༠ ཙམ་མཉམ་བཞུགས་ཀྱིས་ཁེ་ཕན་ལེན་མུས་སུ་ཡིན་པ། མདོར་ན་དོ་བདག་རང་ཉིད་གནས་རིམ་ལས་དོ་ཡིན་ཡང་གནས་རིམ་གོང་མ་གཉིས་ཀྱི་གནས་དྲུང་ལས་ས་མིག་ཐོག་ཀྲུ་ཀྲིང་དང་ཌལ་ཧོར་ས་གནས་འགོ་འཛིན་གྱི་ལས་འགན་ཞུ་བཞིན་ཡོད། འདས་པའི་ལོ་གསུམ་ནང་རབ་བརྟན་ཚེ་རིང་ལགས་ནས་མིག་དཔེར་འོས་པའི་ཕྱག་ལས་གནང་བར་ཚོགས་ཆུང་ནས་ངོས་འཛིན་བསྔགས་བརྗོད་དང་འབྲེལ་ཕྱི་ལོ་ ༢༠༡༦ ལོའི་ལས་བྱེད་སྡེ་ཚན་གྱི་ལས་དོན་གཟེངས་ཐོན་གཟེངས་རྟགས་ཁོང་ལ་འབུལ་རྒྱུར་སྤྱི་མོས་ཀྱི་ཐག་གཅོད་གནང་བ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ། ལས་བྱེད་ལས་དོན་གཟེངས་ཐོན་གཟེངས་རྟགས་ཚོགས་ཆུང་ནས།།