༢༠༡༧ ཟླ་ ༧ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༢༧ ནས་ ༢༨ བར་ཉིན་གྲངས་གཉིས་རིང་སུ་ཇ་བོད་ཁྱིམ་སློབ་གྲྭར་འཛིན་རིམ་བཅུ་པའི་སློབ་མ་སུམ་ཅུ་ཙམ་ལ་བུད་མེད་ཀྱི་གཞི་རིམ་འཕྲོད་བསྟེན་སྐོར་གོ་རྟོགས་སྤེལ་འདུག ཉིན་གྲངས་གཉིས་རིང་གི་ཟབ་སྦྱོང་སྐབས་སྦིར་ཡན་ལག་སྨན་རྩིས་ཁང་དང་། འཕྲོད་བསྟེན་ཡན་ལག་སྨན་ཁང་། རྡ་ས་བདེ་ལེགས་སྨན་ཁང་སོགས་ནས་ཆེད་ལས་མི་སྣ་མགྲོན་འབོད་ཀྱིས་སྤྱིར་བཏང་འཕྲོད་བསྟེན་དང་། འབྲས་ནད། མཆིན་པའི་གཉན་ཚད། གཉན་ནད་རེག་དུག གློ་ནད་ཀྲི་བྷི། སེམས་ཁམས་འཕྲོད་བསྟེན་བཅས་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད།
སྐབས་དེར་རྣམ་རྒྱལ་གྲྭ་ཚང་གི་དགེ་བཤེས་བློ་བཟང་གྲགས་པ་ལགས་དང་། བོད་ཀྱི་སྨན་རྩིས་ཁང་ནས་སྨན་པ་བདེ་ཆེན་ཆོས་སྒྲོན་ལགས་དང་། བདེ་ལེགས་སྨན་ཁང་ནས་ཕྱི་ལུགས་སྨན་པ་རྣམ་གྲོལ་ལགས། དེ་བཞིན་འཕྲོད་བསྟེན་ལས་བྱེད་མིག་དམར་བཀྲ་ཤིས་ལགས་བཅས་ཀྱིས་གོ་རྟོགས་སྤེལ་འདུག གཞན་ཡང་འཕྲོད་བསྟེན་ལས་ཁུངས་ནས་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཀུན་བཟང་ལགས་དང་། སྐབས་བཟང་ལགས། ཚེ་དབང་སྟོབས་རྒྱལ་ལགས། བསྟན་འཛིན་སྒྲོལ་མ་ལགས་བཅས་ཀྱིས་ཟབ་སྦྱོང་དང་འབྲེལ་བའི་གོ་སྒྲིག་ལས་དོན་ཐོག་རམ་འདེགས་གནང་ཡོད།
དེ་ཡང་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་སློབ་མ་གཅིག་གིས་གསུང་དོན། ཟབ་སྦྱོང་འདི་ལྟ་བུ་འདི་གར་ཐེངས་དང་པོ་ཆགས་ཡོད། དེར་བརྟེན་ང་རང་ཟབ་སྦྱོང་འདིའི་ནང་མཉན་ཞུགས་བྱ་རྒྱུ་བྱུང་བར་སྤྲོ་བ་ཧ་ཅང་འཕེལ་བྱུང་བ་མ་ཟད། གནས་ཚུལ་གལ་ཆེན་པོ་མང་པོ་ཞིག་གསར་པ་ཤེས་རྟོགས་ཐུབ་རྒྱུའི་གོ་སྐབས་བཟང་པོ་ཞིག་མཐོང་བྱུང་། ཞེས་གསུངས།།