༢༠༡༧ ཟླ་ ༧ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བདེ་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་གི་དབྱར་ཆོས་ཆེན་མོ་ཐེངས་ལྔ་པའི་མཇུག་སྡོམ་མཛད་སྒོ་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢།༣༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་གསུང་ཆོས་ར་བར་གདན་ཞུས་ཀྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན་ཁྲིག་སེ་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེམས་འབུལ་ཞུས་པ་དང་རོལ་དབྱངས་པ་རྣམས་ནས་ལྷར་རྔའི་མཆོད་པ་འབུལ།
དེ་ནས་ལམ་སྒྲོན་རོལ་ཆ་སྡེ་ཚན་ནས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་གྲུབ་མཚམས་ཁྲིག་སེ་རིན་པོ་ཆེ་མཆོག་གིས་བཀའ་དྲིན་རྗེས་དྲན་དང་རྟེན་འབྲེལ་མཚོན་བྱེད་དུ་ཙན་དན་དམར་པོ་ལས་སྒྲུབ་པའི་རྒྱལ་བ་བྱམས་པའི་སྣང་བརྙན་འདེགས་འབུལ་ཞུས་ཏེ་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་རྗེས་བདེ་དགོན་གྱི་དགེ་འདུན་པ་ཁག་གཅིག་གིས་དམ་བཅའ་སྤྱན་བསྟར་ཞུས།
དེ་ནས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་དེད་དཔོན་བསོད་ནམས་ཟླ་བ་བློན་པོ་ལགས་དང་ལ་དྭགས་ནང་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་འཕྲིན་ལས་ལགས་རྣམ་གཉིས་ཀྱིས་གསུང་བཤད་གནང་རྗེས་བདེ་དགོན་སློབ་གྲྭའི་སློབ་ཕྲུག་དང་བདེ་སྐྱིད་ལམ་སྒྲོན་སློབ་གྲྭའི་སློབ་ཕྲུག་ནས་དམ་བཅའ་གཟིགས་འབུལ་ཞུས།
དེ་རྗེས་ལ་དྭགས་དོན་རྩའི་བློན་པོ་ཚེ་རིང་རྡོ་རྗེ་ལགས་དང་ཁ་ཆེའི་མཁས་དབང་གཱཽ་ལམ་མོཧ་མཏ་སོ་ཕི་ལགས། མངའ་སྡེའི་གྲོས་ཚོགས་འཐུས་མི་ཐུབ་བསྟན་ཚེ་དབང་ལགས། དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག་བཅས་ནས་གསུང་བཤད་གནང་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ནས་ལྡུམ་ར་བདེ་དགོན་སེར་སྐྱ་མི་མང་ཡོངས་ནས་ཁྲིག་སེ་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་ཕྱག་རྟགས་གསོ་སྩལ་མཛད།
དེ་ནས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ཁྲི་ཟུར་རིན་པོ་ཆེ་མཆོག་དང་། དེ་བཞིན་དད་པ་དང་དམ་ཚིག་གཡོ་བ་མེད་པའི་སེར་སྐྱ་རྒན་བྱིས་ཚང་མར་ཞུ་རྒྱུར། ཁྲིག་སེ་རིན་པོ་ཆེ་མཆོག་གིས་དབྱར་ཆོས་ཆེན་མོ་ལོ་ཤས་ནས་ཚོགས་ཏེ་དེ་རིང་འདིར་དབྱར་ཆོས་ཆེན་མོའི་མཇུག་སྡོམ་མཛད་སྒོར་ངོས་རང་ཁྱུག་ཙམ་བཅར་ཐུབ་པ་རེད། གང་ལྟར་ཁྲིག་སེ་རིན་པོ་ཆེ་མཆོག་གིས་དབུ་མཛད་པའི་དབྱར་ཆོས་ཆེན་མོ་ལོ་བསྟུད་ནས་དེ་ལྟར་ཚོགས་རྒྱུར་གྲ་སྒྲིག་གནང་མཁན་ཡོངས་ལ་བཀའ་དྲིན་ཆེ་ཟེར་རྒྱུ་དང་། དེ་ལྟ་བུའི་མཛད་རྗེས་བཟང་པོ་གནང་བར་རྗེས་སུ་ཡི་རངས་ཡོད།
དབྱར་ཆོས་ཆེན་མོ་འཚོགས་རྒྱུའི་མིང་དེར་ཆོས་ཞེས་པའི་སྐད་ཆ་ཞིག་ཡོད་ནའང་། དངོས་སུ་ཤེས་ཡོན་ཡར་རྒྱས་གཏང་རྒྱུའི་འདུས་ཚོགས་ཡིན་པའི་བཟོ་འདྲ་ཞིག་འདུག གོང་དུ་ཁ་ཆེའི་མཁས་དབང་གིས་མ་འོངས་པར་དབྱར་ཆོས་ཆེན་མོའི་སར་ཁ་ཆེའི་ཆོས་བརྒྱུད་པ་ཚོ་མཉམ་ཞུགས་བྱེད་རྒྱུ་དེ་འདྲ་གསུང་སོང་། ཧ་ཅང་ཡག་པོ་རེད། ཧ་ཅང་གལ་ཆེན་པོ་རེད།
སྔར་རྒྱ་གར་ནས་བོད་ལ་དཔེར་ན་པཎྜི་ཏ་ཟེར་གྱི་འདུག དེ་གནས་ལྔ་རིག་པ་ཞེས་ཕལ་ཆེར་གནས་ལྔ་ཟེར་རྒྱུ་འདི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ཡིན། གཙོ་བོ་རིག་གནས་ཆེ་བ་ལྔ་དེ་དག་རེད། རིག་གནས་ཆེ་བ་ལྔའི་ནང་སྒྲ་རིག་པ། ཚད་མ་རིག་པ། གསོ་བ་རིག་པ། ནང་དོན་རིག་པ་ཞེས་པའི་ནང་ནས་སྒྲ་དང་ཚད་མ་རིག་པ་ནི་ཤེས་ཡོན་རང་གི་སྐད་ཆ་རེད། གསོ་བ་རིག་པ་ནི་སྨན་བཅོས་ཐོག་ནས་ལུས་བདེ་པོ་ཡོང་རྒྱུ། དེ་ནས་ནང་དོན་རིག་པ་ནི་སེམས་ལ་ཞི་བདེ་བཟོ་རྒྱུ་རེད། དེར་བརྟེན་ལུས་སེམས་གཉིས་ཀྱི་ཐོག་བརྟག་དཔྱད་བྱེད་རྒྱུ་ཟེར་ན་མི་འདུག གང་ལྟར་ལུས་སེམས་གཉིས་ཀྱི་ཐོག་ལ་ཕན་ཐོགས་བསྒྲུབ་རྒྱུ་དང་། སྒྲ་རིག་པ་ཟེར་དུས་སྔོན་མ་ཡིན་ན་ལེགས་སྦྱར་སྐད་གཙོ་བོ་རེད། དེང་སྐབས་ཡིན་ན། རང་གི་སྐད་དེ་རྩི་ཆོག་གི་རེད། དེ་དག་ཤེས་ཡོན་རང་རེད་འདུག
རིག་གནས་ཆེ་བ་ལྔའི་ནང་ནས་ནང་དོན་རིག་པ་ནི། སངས་རྒྱས་པའི་ཆོས་པ་ཞིག་གི་ངོས་ནས་བཤད་པ་ཡིན་ན། གཙོ་བོ་སངས་རྒྱས་པའི་ཆོས་ལ་གོ་རྒྱུ་ཞིག་རེད། སྤྱིར་འཛམ་གླིང་འདིའི་སྟེང་འགྲོ་བ་མིའི་ཤེས་ཡོན་གྱི་འདུ་ཤེས་ཐོག་ནས་ལྟ་བ་ཡིན་ན། ནང་དོན་རིག་པ་ཟེར་དུས་གཙོ་བོ་སེམས་ཁམས་རིག་པ་དང་འབྲེལ་བའི་ཐོག་ནས་སེམས་ལ་ཞི་བདེ་བཟོ་རྒྱུ། Secular Ethics ཞེས་པ་ནི་རིག་གནས་ཆེ་བ་ལྔའི་ནང་ནས་ནང་དོན་རིག་པ་དང་འབྲེལ་ཡོང་གི་འདུག དེར་བརྟེན་ཆོས་ལུགས་ཀྱི་དབྱེ་བ་མེད་པར་རིག་གནས་ཀྱི་སྐོར་དེ་དག་བགྲོ་གླེང་གོ་བསྡུར་བྱེད་རྒྱུར་ཧ་ཅང་ཕན་ཐོགས་ཡོང་གི་ཡོད་པ་མ་ཟད། གལ་ཆེན་པོ་རེད། ཁ་ཆེའི་མཁས་དབང་གིས་རེ་འདུན་བཏོན་པར་ངོས་རང་ཧ་ཅང་དགའ་པོ་བྱུང་། ཅེས་སོགས་ཀྱི་བཀའ་སློབ་སྩལ།།